“བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོའི་ནང་གི་གང་མཁས་ཡིན། །”ཞེས་པ་ལྟར། སྤྱིར་ན་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དེ། མཐོ་བ་དམ་པའི་ལྟ་སྒོམ་སྤྱོད་གསུམ་ནས་དམའ་བ་བྱིས་པའི་འགྲོ་འདུག་ཉལ་འཆག་གི་བྱ་བ་ཡོད་ཚད་ལད་མོ་ལས་མ་བྱུང་བ་ཞིག་ཡོད་མི་སྲིད། དེ་བས། གཞན་རྩོམ་ལེགས་གྲས་རིགས་ལ་ལད་ཟློས་བྱ་རྒྱུ་ནི་རྩོམ་འབྲིའི་ནུས་པ་གོང་འཕེལ་གཏོང་ཐབས་གལ་ཆེན་ཞིག་ཡིན་པ་བསྙོན་དུ་མེད། ད་ལྟའི་སྤྱི་ཚོགས་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་དབང་གིས་སྔར་ཡོད་སྲོལ་རྒྱུན་གྱི་ཅ་དངོས་དག་དང་ཁ་ཐག་ཇེ་རིང་དུ་སོང་བས་དེའི་སྐོར་གྱི་ཐ་སྙད་མང་པོ་རྒྱུས་མེད་དུ་གྱུར་པ་དང་། ད་ཡོད་ཀྱི་དངོས་པོ་གསར་པ་མང་པོར་བོད་སྐད་ཀྱི་མིང་བརྡ་ལེགས་པོ་མེད་པ་དང་། ཐ་ན་མིང་བརྡ་གཏན་ནས་མེད་པ་སོགས་ཀྱི་གནད་དོན་ལ་བརྟེན་ལོ་ཆུང་བྱིས་པ་དག་ལ་བོད་ཡིག་གི་རྩོམ་འབྲི་བར་དཀའ་ཁག་ལ་འཕྲད་བཞིན་ཡོད། དེའི་རྐྱེན་གྱིས་ཕ་མ་དང་དགེ་རྒན་ཡང་བོད་ཡིག་སྦྱང་དཀའ་བའི་གནད་དོན་ཐད་སེམས་ཁྲལ་དང་དཀའ་ཁག་མི་ཉུང་བར་འཕྲད་བཞིན་པ་ནི་ད་ལྟའི་གནས་ཚུལ་ངོ་མ་རེད། ད་ལྟ་རང་ས་གནས་ཀྱི་སློབ་འབྲིང་སློབ་མ་མང་བོ་བོད་ཡིག་གི་ཆེས་རྨང་གཞིའམ་རྩ་བར་གྱུར་པའི་འབྲི་ཀློག་གཉིས་ལ་བྱང་ཆ་མེད། ད་ལྟའི་གནས་ཚུལ་ལ་དམིགས་ན་ཁོ་ཚོར་འོས་ཤིང་འཚམ་པའི་རྩོམ་འབྲིའི་བྱེད་ཐབས་ནི་ལད་འབྲི་ཡིན་ཏེ། ལད་འབྲི་བྱེད་པར་རྨང་གཞིའི་ཤེས་བྱའི་ཆུ་ཚད་དང་འབྲེལ་བ་ཆེར་མེད་པ་དང་། བརྩོན་པའི་རྒྱུན་བསྐྱངས་ན་འཐུས་པས་སློབ་གྲོགས་སྤྱི་ལ་འཚམ་པའི་བྱེད་ཐབས་ཤིག་ཏུ་གྱུར་འདུག ལད་འབྲི་བྱེད་པ་ལའང་སློབ་མའི་ཆུ་ཚད་དང་བསྟུན་ཏེ་རིམ་པ་མང་པོ་དབྱེ་ཆོག་ཀྱང་། གཤམ་དུ་འགའ་ཞིག་བརྗོད་ན་འདི་ལྟར།
དང་པོ། བཤུ་འབྲི་བཤད་པ།
བཤུ་འབྲི་བྱེད་པ་ནི་གཞན་རྩོམ་ལེགས་གྲས་གང་རུང་སྟེ། བསླབ་བྱ་དང་ལེགས་བཤད། དེ་མིན་སྒྲུང་གཏམ་དང་ལྷུག་རྩོམ་སོགས་གང་རུང་འདེམས་ཆོག་མོད། རང་ཉིད་ཀྱིས་གོ་སླ་བ་རེ་བདམས་ན་དེ་བས་ཀྱང་ལེགས། གང་བཤུ་འབྲི་བྱ་བའི་རྩོམ་ཡིག་དེ་བདམས་རྗེས་ཉིན་རེ་བཞིན་ཤོག་གྲངས་སམ་གྲངས་ཚད་གཏན་འཁེལ་བགྱིས་ཏེ་ཆག་མེད་དུ་རྒྱུན་བསྐྱངས་ན་གྲུབ་འབྲས་གང་ལེགས་འཐོབ་ཐུབ། བྱེད་ཐབས་འདི་ནི་བོད་ཡིག་གི་རྨང་གཞིའི་ཆུ་ཚད་ཤིན་ཏུ་ཞན་པའི་དུས་རིམ་དུ་སྤྱད་ན་འོས་ཤིང་འཚམ་པར་འདུག འདས་པའི་ཉམས་མྱོང་དངོས་ལ་གཞིགས་ན། ད་ལོའི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་བུ་འདི་དག་ན་ནིང་དམའ་འབྲིང་གི་སྒོ་ཐེམ་གསར་དུ་བསྙེགས་ནས་ཐོན་མ་ཐག་བོད་ཡིག་བྲིས་ན་ཡིག་གཟུགས་མི་ལེགས་པར་མ་ཟད། བྲིས་མི་འཁྱོངས་པ། བྲིས་དལ་དྲགས་པ་སོགས་གནད་དོན་མང་པོ་ཡོད་པས། 2021ལོའི་ཟླ11པ་ནས་མགོ་བརྩམས་ཏེ། 2022ལོའི་ཟླ7པའི་བར་ཉིན་རེ་རེར་ལས་བྱ་ཤོག་ངོས་གཅིག་རེ་ཆད་མེད་དུ་འབྲི་རུ(བྲི་བྱར་ངེས་པ་མེད)བཅུག་པས་སློབ་གྲོགས་མང་ཤོས་ཀྱི་ཡིག་གཟུགས་ཇེ་ལེགས་དང་ཇེ་མགྱོགས་སུ་སོང་ཡོད་པ་མངོན་སུམ་དོད་པོ་ཡིན་ཞིང་།བཤུ་འབྲི་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་དོན་དངོས་ལས་ར་སྤྲོད་བྱ་ཐུབ་པས། ང་ཚོས་སློབ་ཆུང་གི་སྐབས་སུ་བཤུ་འབྲི་མང་པོ་བྱེད་དུ་འཇུག་རྒྱུ་ནི་ལྷག་ཏུ་གལ་ཆེ་བར་འདུག ད་ལྟ་སློབ་མ་དག་གི་སྦྱང་བྱའི་བསླབ་ཚན་མང་དྲགས་པ་སོགས་ཀྱི་དབང་གིས་དུས་ཚོད་ཀྱིས་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་པས་སློབ་མས་ལས་བྱའི་ཁ་བྱང་དང་དྲི་བ་སོགས་ཀྱང་འབྲི་མི་དགོས་པར་ཐད་ཀར་དྲིས་ལན་བཏབ་ཆོག་པ་སྟེ། སྦྱང་གཞིའི་ལྷན་ཐབས་ལྟ་བུ་མང་པོ་བྱུང་ཡོད་པ་རེད། དེ་བཞིན་དུ་བཤུ་འབྲི་བྱེད་པའི་ལས་བྱ་སོགས་ལ་ཆད་པ་རང་བཞིན་གྱི་ལས་བྱ་ཞེས་སྨད་པའི་གནས་སུ་བྱེད། འདི་ལའང་ཁག་མེད་ས་ཡོད་སྲིད་མོད། དོན་དངོས་སུ་བཤུ་འབྲི་བྱེད་པ་ནི་དགོས་མེད་ཅིག་གཏན་ནས་མིན་པར་དེ་ལས་ལྡོག་སྟེ་འཕེལ་རྒྱས་ཀྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད།
གཉིས་པ། ཉུང་འབྲི་མང་བཤུ་བཤད་པ།
ཉུང་འབྲི་མང་བཤུ་ཞེས་པ་ནི་བཤུ་འབྲི་ཁོ་ན་མིན་པར་མང་ཆེ་ཤོས་བཤུ་འབྲི་བྱས་ཏེ། དེར་ཁ་གསབ་དང་བཟོ་བཅོས་ལྟ་བུས་རང་ཉིད་ཀྱི་གསར་རྩོམ་ཉུང་ཙམ་ཡང་བསྲེས་ནས་བཤུ་འབྲི་མང་ཤོས་དང་གསར་རྩོམ་ཉུང་ཤོས་བྱས་ཏེ་འབྲི་བ་ནི་བཤུ་འབྲི་རྐྱང་བ་ལས་ཅུང་ཙམ་ཐོད་བརྒལ་གྱི་བཤུ་འབྲི་བྱེད་ཐབས་ཤིག་ཡིན་ལ། འདིས་རྩོམ་ཡིག་འབྲི་སྐབས་རང་ཉིད་ཀྱི་བྲི་བྱའི་བརྗོད་བྱ་དང་བསྟུན་ནས་གང་ལ་གང་འཚམ་སྒོས་གཞན་རྩོམ་ལས་རང་རྩོམ་དུ་ཚུར་བླངས་ན་འོས་འཚམ་དང་ཇེ་ལེགས་སུ་གཏོང་ནུས་པའི་ཚིག་དག་ལེན་ཤེས་པར་ཕན་ཐོགས་རྒྱ་ཆེན་པོ་ཡོད། དུས་རྒྱུན་སློབ་ཁྲིད་ཀྱི་སྐབས་སུའང་དེ་ལྟར་བྲིས་ན་ཆོག་པར་མ་ཟད། དེ་ལྟར་བྲིས་ན་ལེགས་པའི་འབོད་སྐུལ་བྱས་ཚེ་སློབ་མའི་རྩོམ་ཡིག་ལ་ཞུ་དག་བྱེད་སྐབས་སློབ་གྲོགས་འགའ་རེས་དེ་ལྟར་གཞན་རྩོམ་ལས་ཚིག་གི་སྦྱོར་བ་མཛེས་ཤིང་དོན་གྱི་བརྗོད་བྱ་ལེགས་པའི་རིགས་རང་གི་རྩོམ་གྱི་འགྲོས་དང་མཐུན་པར་འོས་འཚམ་གྱིས་སྤྱོད་ཤེས་ཀྱིན་པའང་མང་པོ་ཡོད་ཅིང་། དེའི་ཞོར་དུ་གཞན་རྩོམ་ཀློག་པའི་འདུ་ཤེས་སམ་གོམས་གཤིས་ཀྱང་ཆགས་ངེས།
གསུམ་པ། ཕྱེད་འབྲི་ཕྱེད་བཤུ་བཤད་པ།
ཕྱེད་འབྲི་ཕྱེད་བཤུ་ཞེས་པ་ནི་གཞན་རྩོམ་བཤུ་འབྲི་བྱེད་སྐབས་ཚིག་སྦྱོར་གྱི་མང་ཉུང་ལ་བལྟས་ཏེ། དཔེར་ན། རྩོམ་ཡིག་གང་ཞིག་ལ་ཡིག་གྲངས་སྟོང་གཅིག་ཡོད་པའི་དབང་དུ་བྱས་ན། ཡིག་གྲངས་ལྔ་བརྒྱ་གཞན་རྩོམ་ལས་བཤུ་པ་དང་། ཡིག་གྲངས་ལྔ་བརྒྱ་རང་གིས་བྲིས་པ་ལ་ཟེར། འདི་ནི་བཤུ་འབྲི་ལས་རིམ་པ་ཅུང་མཐོ་ཤོས་ཡིན་ཏེ། ཡོད་ཚད་བཤུ་འབྲི་དང་ཉུང་འབྲི་མང་བཤུ་ལས་བརྒལ་ཏེ་གཞན་རྩོམ་ལས་ཕྱེད་ཀ་ཙམ་མ་གཏོགས་བཤུ་འབྲི་མི་བྱ་བར་ཕྱེད་ཀ་རང་གིས་བརྩམས་པ་ཞིག་རེད། འདི་ཡང་རྩོམ་འབྲིའི་ལམ་ལ་ཞུགས་མཁན་གྱི་ལས་དང་པོ་བ་ཞིག་ལ་མཚོན་ན་རང་ཉིད་འཕེལ་རྒྱས་ཀྱི་བྱེད་ཐབས་ལེགས་པོ་ཞིག་ཏུ་འདུག་སྟེ། རང་ཉིད་ཀྱི་བརྩམས་ཆོས་གང་ཞིག་ཡོད་ཚད་རང་གིས་བྲིས་པ་མིན་ནའང་ཕྱེད་ཙམ་རང་གིས་བྲིས་པ་དང་ཕྱེད་ཙམ་བཤུ་འབྲི་བྱས་ཡོད་པ་དེ་ཡང་ནང་དོན་ལ་གཞིགས་ཏེ་འོས་འཚམ་གྱིས་སྐབས་གང་དང་མཚམས་གང་དུ་འོས་ཤིང་འཕྲོད་ན་དེར་སྦྱར་ཡོད་པས་བསམ་གཞིག་གི་ནུས་པ་གང་ལེགས་སྐྱེད་སྲིང་བྱས་ཡོད་པ་གདོན་མི་ཟ། སློབ་མའི་རྩོམ་ཡིག་ཏུ་འདི་ལྟ་བུའི་ཕྱེད་གཞན་ལས་བཤུས་པ་དང་ཕྱེད་རང་གིས་བྲིས་པའང་ཡོད་ལ། དེ་ཡང་རང་གིས་བྲིས་པ་དང་གཞན་ལས་བཤུས་པ་གཉིས་འོས་ཤིང་འཚམ་པར་སྡེབ་སྦྱོར་བྱས་ཡོད་ན་བསྟོད་བསྔགས་བྱས་ཏེ་མུ་མཐུད་དུ་འབད་པ་བྱ་རྒྱུའི་སྐུལ་མ་ཡང་ཡང་བྱས་ན་རྩོམ་འབྲིའི་ནུས་པ་གོང་འཕེལ་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།
བཞི་བ། མང་འབྲི་ཉུང་བཤུ་བཤད་པ།
མང་འབྲི་ཉུང་བཤུ་ཞེས་པ་ནི་བརྩམས་ཆོས་གང་ཞིག་མང་ཤོས་རང་གིས་རྩོམ་པ་དང་ཉུང་ཙམ་སྟེ། བརྒྱ་ཆའི་ཉི་ཤུ་ཡས་མས་བཤུ་འབྲི་བྱས་པ་ལ་ཟེར། འདི་ནི་གོང་གི་བཤུ་འབྲི་བྱེད་ཐབས་དག་ལས་ཆེས་མཐོ་བའི་རིམ་པ་སྟེ། ཉུང་ཙམ་མ་གཏོགས་རང་གིས་གསར་དུ་བརྩམས་པས་བཤུ་འབྲི་ལས་གསར་རྩོམ་ལ་བསྙེག་པ་ཆེས་ཉེ་བའི་ལམ་བུ་དེ་ཡིན་ཅིང་། རང་ཉིད་ཀྱི་བརྩམས་ཆོས་སུ་དྲངས་པའི་ལུང་ཚིག་ཙམ་ལ་གོ་མི་རུང་། རིམ་པ་འདི་ནི་བྱིས་པ་ཞིག་ཡིན་པའི་དབང་དུ་བཏང་ན། གཞན་གྱིས་སྐྱོར་མི་དགོས་པར་རང་ཉིད་འགྲོ་ཐུབ་པའི་ཚད་ཙམ་ཡིན། འོན་ཀྱང་། འགྲོ་བའི་ལས་ལ་བྱང་ཆ་མི་ལྡན་པ་དང་ཉེན་ཁ་ཆེ་བའི་ཚོད་དུ་འདུག་པས། ད་དུང་མུ་མཐུད་དུ་འབད་པ་ལྷུར་ལེན་གྱིས་གཞན་རྩོམ་མང་པོ་ཀློག་པ་དང་རང་ཉིད་ཀྱི་གསར་རྩོམ་གྱི་ལས་ལ་ཤུགས་བསྐྱེད་ན་ནམ་ཞིག་རང་ཉིད་ལ་གཞན་དང་མི་འདྲ་བའི་རྩོམ་གྱི་འབྲི་ལུགས་ཤིག་ངང་གིས་འབྱུང་ལ། དེར་ང་ཚོས་ཡོངས་གྲགས་སུ་རྩོམ་གཤིས་ཞེས་བརྗོད་ཀྱིན་པ་དེའོ། ། རྩོམ་པ་པོ་ཚད་ལྡན་ནམ་རྩོམ་པ་པོ་གྲགས་ཅན་དུ་གྱུར་ན་རྩོམ་གཤིས་ཤིག་ཆགས་ངེས། རྩོམ་གཤིས་ཆགས་པའང་ཐོག་མ་ཉིད་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ཞིག་ག་ལ་ཡིན་ཏེ། གཞན་གྱི་བརྩམས་ཆོས་མང་པོ་བཀླགས་པ་དང་དེར་ལད་འབྲི་མང་པོ་བྱས་མཐར་རང་ཉིད་ལ་རང་ཉིད་ཀྱི་རྩོམ་ལུགས་མི་འདྲ་བ་ཞིག་ཐོན་པ་ཅིས་མ་ཡིན། དེ་བས་རྩོམ་ལ་འཇུག་པའི་སློབ་བུ་དག་ལ་མཚོན་ན་ཐོག་མར་བཤུ་འབྲི་ནས་མགོ་བརྩམས་ཏེ་ལམ་ལ་ཆས་དགོས་ཤིང་མཇུག་མཐར་རང་ཚུགས་ཐུབ་པའི་རྩོམ་གཤིས་ཤིག་ཆགས་པར་བརྩོན་པའི་རྒྱུན་མི་གཏོང་བ་ཞིག་ཅིས་ཀྱང་དགོས། དགེ་རྒན་རྣམ་པས་སློབ་མའི་རྩོམ་ཡིག་ཞུ་དག་བྱེད་སྐབས་སློབ་གྲོགས་ལ་ལས་གཞན་རྩོམ་ལས་བཤུ་འབྲི་མང་དུ་བྱས་ཡོད་པའམ་ཉུང་དུ་བྱས་ཡོད་པ་གང་ཡིན་ཡང་མཐའ་གཅིག་ཏུ་དགག་པ་མི་རྒྱག་པར་འདི་ཡང་རྩོམ་འབྲིའི་ཐབས་ལམ་ཞིག་ཏུ་བསྒོམས་ཏེ། དེར་འོས་འཚམ་གྱི་དཔྱད་འཇོག་གམ། བསྟོད་བསྔགས་དང་ཡར་སྐུལ་བྱ་རྒྱུ་ནི་ཆེས་མཇུག་མཐའི་རེ་བ་ཞིག་ཀྱང་ཡིན་ནོ། །