
རྫོང་རིའི་རིག་གནས་ཤུལ་བཞག་ཁུལ་དུ་རྙེད་པའི་རྫ་གཞོང་།
ཉི་མ་བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མཐུན་སྒྲིལ་སྡེ་བའི་ཡིན་ལ། ཁོས་ལོ་བཅུ་ལྷག་གི་སྔོན་ལ་རང་སྡེ་བ་རུ་དངོས་པོ་རྩ་ཆེན་རྙེད་པའི་ཚུལ་དེར་ཕྱིར་དྲན་བྱེད་སྐབས་དགའ་སྤྲོས་ཁེངས་བཞིན་གསར་འགོད་པར། “ངོ་མ་ཡ་མཚར་པོ་འདུག ལོ་ངོ་སྟོང་ལྔའི་ཡར་སྔོན་གྱི་རྫ་གཞོང་སྟེང་ང་ཚོ་བོད་པས་སྐོར་བྲོ་འཁྲབ་པའི་རི་མོ་འདུག”ཟེར།
ཉི་མ་བཀྲ་ཤིས་ཡོད་སའི་སྡེ་བའི་དེ་ནི་གྲོང་ཁྱེར་དང་བར་ཐག་རིང་ཞིང་། ས་མཐོ་དབྱང་དབུགས་དཀོན་ཡང་། རྨ་ཆུའི་སྟོད་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། རིག་གནས་ཀྱི་ཉིང་བཅུད་འདུས་པའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས་ཤུལ་བཞག་སྟེ། རྫོང་རི་རིག་གནས་ཤུལ་བཞག་གནས་འདི་རུ་ཡོད།
ཉི་མ་བཀྲ་ཤིས་ཀྱིས་བཤད་རྒྱུར། “སྔོན་ཆད་ང་ཚོ་སྡེ་བའི་མི་རྣམས་ཀྱིས་དུས་རྒྱུན་རྫ་ཆས་ཆག་རོ་དང་། རུས་ཆག་མང་པོ་རྙེད་ཀྱང་། དེ་ཅི་ཞིག་ཡིན་པ་ཤེས་ཀྱིན་མེད”ཟེར།
སྡེ་མིས་བཤད་ཚུལ་དེར་གནའ་རྫས་རྟོག་ཞིབ་ཆེད་མཁས་པས་ཡིད་འཇོག་ཆེན་པོ་བྱས། ཆིག་སྟོང་དགུ་བརྒྱ་གོ་བཞི་ལོར། རྒྱལ་ཁབ་རིག་རྫས་ཅུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། གནའ་རྫས་རྟོག་ཞིབ་ཆེད་མཁས་པས་རྫོང་རི་ཤུལ་བཞག་ཁུལ་དུ་རྒྱུ་ཆ་སྔོག་འདོན་དང་ལེགས་སྒྲིག་བྱེད་མགོ་བརྩམས་ཤིང་། ཐག་ཉེ་སའི་སྡེ་མི་ཁ་ཤས་ཀྱང་སྔོག་འདོན་ཁྲོད་ཞུགས་ལ། ཉི་མ་བཀྲ་ཤིས་ནི་དེའི་གྲས་ཀྱི་གཅིག་རེད། ཉི་མ་བཀྲ་ཤིས་ཀྱིས་བཤད་པ་ལྟར་ན། ཁོ་ཚོས་ལྕགས་ཁེམ་གྱིས་ས་རིམ་པ་ཞིག་ཕར་བཏེད་དེ། ཕལ་ཆེར་ཀུང་ཧྥིན་ཉི་ཤུའི་མཚམས་སུ་ཐོན་རྗེས། རུས་མགོ་དང་། རྫ་མ་ས་ཁར་མངོན་བྱུང་། ང་ཚོ་འཚང་ཁ་ཤིག་ཤིག་གིས་མདུན་དུ་རུབ་ནས་བལྟས་པ་ན། ང་ཚོས་རྫ་གཞོང་དེའི་སྟེང་དུ་གྲལ་ཤར་གཉིས་གཤིབ་པའི་མི་རྣམས་ཀྱིས་ལག་འཇུ་བྱས་ནས་སྐོར་བ་བྱེད་པ་མཐོང་བྱུང་། དུས་ཆེན་གྱི་སྐབས་སུ་ང་ཚོ་འདི་ལྟར་སྐོར་བྲོ་འཁྲབ་པ་ཡིན”ཟེར།
རྫ་གཞོང་དེའི་མཐོ་ཚད་ལ་ལིས་སྨི་བཅུ་གཉིས་དང་གྲངས་ཆུང་གསུམ་ཡོད་པ་དང་། ཁའི་ཚངས་ཐིག་ལ་ལིས་སྨི་ཉེར་དྲུག་གྲངས་ཆུང་བཞི་ཡོད་ལ། ད་བར་དུ་ཕལ་ཆེར་ལོ་སྟོང་ལྔ་དང་སུམ་བརྒྱ་ལྷག་འགོར་ཡོད་པ་རེད། རྫ་གཞོང་དེའི་ནང་དུ་ཚོ་ཁག་གཉིས་ཀྱི་མིའི་གཟུགས་དབྱིབས་ཡོད་པ་དང་། མགོ་རྒྱན་སྤྲས་ཞིང་། བོད་ལྭ་གྱོན་ཏེ། མི་མང་པོ་གཅིག་འདུས་ཀྱིས་སྐོར་བྲོ་འཁྲབ་པའི་ཚུལ་དེ་གསོན་ཉམས་ལྡན་པའི་སྒོ་ནས་རི་མོར་ཕབ་ཡོད།
ཉི་མ་བཀྲ་ཤིས་ཀྱི་ཐད་ཀའི་མྱོང་ཚོར་དང་གནའ་རྫས་རྟོག་ཞིབ་མཁས་པས་བདེན་དཔང་གཉིས་མཐུན་པ་བྱུང་བ་དང་། ཆེད་མཁས་པས་བལྟས་ན། རྫོང་རི་རིག་གནས་དང་བོད་མིའི་འབྱུང་ཁུངས་སྐོར་ལ་འབྲེལ་བ་ཟབ་མོ་ཡོད་པས། རྫོང་རི་ཤུལ་བཞག་དེ་ཁ་རོ་ཤུལ་བཞག་དང་། སྐྱིད་གུང་ཤུལ་བཞག་གི་རྗེས་སུ་རྙེད་པའི་བོད་ཀྱི་ཆེས་སྔ་མོའི་རིག་གནས་འབྱུང་ཁུངས་ཆེན་པོ་གསུམ་གྲས་ཀྱི་གཅིག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་ལིག་བཱན་ཚོན་ལྡན་རྫ་ཆས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བང་ཀོ་ཧྲོང་གིས་བཤད་རྒྱུར། “རྫོང་རི་རིག་གནས་ཀྱིས་གསར་སྐྲུན་བྱས་པའི་འབྲོག་པའི་ཤེས་རིག་གིས་ད་བར་དུ་དཔའ་ངར་ཆེ་ཞིང་། གྲང་ངར་བཟོད་ཐུབ་པ། ཤ་ཟ་བར་དགའ་བའི་བོད་མི་རིགས་ཀྱི་རང་བཞིན་ལ་ཤན་ཤུགས་ཐེབས”ཡོད་ཟེར།
མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལིས་ཀོ་ལིན་གྱིས་བཤད་པ་ལྟར་ན། ཚོན་ལྡན་རྫ་གཞོང་ནང་གི་སྒོར་སྒོར་དེས་ཉི་མ་མཚོན་ཡོད་པ་དང་། ཟླུམ་གཟུགས་ཀྱིས་གནའ་བོའི་ལྷ་དགུ་མཚོན་པར་བྱས་ཡོད། ཁོ་ཚོས་གདོད་མའི་སྐྱེལ་བསུ་མཛད་སྒོ་སྤེལ་སྐབས། དཔུང་བ་སྦྲེལ་ནས་རྩེ་བའི་བྲོ་གར་དེའི་མིང་ལ་ཉི་མའི་བྲོ་གར་ཟེར་ཞིང་། དེ་ནི་རྗེས་རབས་པས་དཔུང་བ་སྦྲེལ་ནས་རྩེ་བའི་བྲོ་གར་གྱི་ཆེས་ཐོག་མའི་དོན་སྙིང་དང་རྣམ་པ་ཞིག་རེད། རྫ་གཞོང་དེ་ནི་གནའ་བོའི་མོ་དཔེ་ཞིག་ཡིན་པར་མ་ཟད། དམངས་སྲོལ་གནད་བསྡུས་ཤིག་ཀྱང་རེད་ཟེར།
ཤུལ་བཞག་དེ་ལོ་ངོ་མང་པོའི་ཆར་ཆུའི་བཞུར་རྒྱུན་ཁྲོད་ས་ཆུ་ཤོར་ནས་ཤུལ་བཞག་མདུན་ངོས་དེ་ཁུག་གྱོག་དང་ས་སྟེགས་སུ་གྱེས་པ་དང་། གསར་འགོད་པ་གནས་འདིར་སླེབས་དུས། ས་སྟེགས་དེའི་སྟེང་རྨོ་ཞིང་བཅོས་ཡོད་ལ། དེ་ནི་ས་རྒྱུད་བཟང་བོའི་ཞིང་ལས་རྟེན་གཞི་ཞིག་ཏུ་གྱུར་ཡོད། ཞིང་ཁའི་ས་རྒོད་སྟེང་དུ་ཐལ་དོང་དང་། ས་དོང་ཡོད་ཅིང་། དབྱིབས་གྲལ་འགྲིག་ལ། ས་ངོས་སྙོམས་པོ་ཞིག་ཡིན། དེ་ནི་སྐབས་དེའི་མི་རྣམས་ཀྱིས་ཟས་རིགས་གསོག་འཇོག་བྱེད་པར་བསམ་གཟས་ནས་བརྐོས་པ་ཞིག་ཡིན་པ་ཤེས་ཐུབ་པ་དང་། ལ་ལ་ཞིག་གད་སྙིགས་འཕོད་ས་ཞིག་ཡིན་པའང་མངོན་གསལ་གྱིས་ཤེས་ཐུབ། ལིས་ཀོ་ལིན་གྱིས་བལྟས་ན། མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་དེ་གནའ་དུས་སུ་ས་སྟོང་ཞིག་མིན་པར། ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་ཞིག་ཡིན་པར་འདོད།
མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གི་ཞིབ་འཇུག་པ་སུང་ལིས་ཉིན་གྱིས་བཤད་པ་ལྟར་ན། ཁོ་རང་གིས་ལོ་གསུམ་གྱི་རིང་ལ་རི་མགོ་ནས་བྱ་བ་སྒྲུབ་པ་བརྒྱུད། རྫོང་རི་ཤུལ་བཞག་ཁུལ་དུ་བསྡོམས་པས་དུར་ས་སུམ་བརྒྱ་དང་ཞེ་གཅིག་སྔོག་འདོན་བྱས་པ་དང་། རིག་རྫས་ཁྲི་གཉིས་དང་སྟོང་གསུམ་ལྷག་ས་ཁར་བུད་ལ། དེའི་ནང་དུ་ཚོན་ལྡན་རྫ་ཆས་བརྒྱད་བརྒྱ་དང་གོ་དྲུག་ཡོད་པ་དང་། དེས་དུར་འཇུག་དངོས་རྫས་ཀྱི་སྤྱིའི་གྲངས་ཀའི་བརྒྱ་ཆའི་བདུན་ཟིན་ཡོད། དེའི་ནང་དུ་ད་དུང་ཁྱད་ཆོས་ཅན་ཞིག་ཡོད་པ་ནི་འོ་མདོག་ཅན་གྱི་རྫ་བུམ་རགས་མོ་དེ་རེད། རྫ་ཆས་དེ་དག་འདམ་བག་ཁྲོད་དངོས་རྫས་གཞན་དག་བསྲེས་ནས་ལས་པ་ཞིག་ཡིན་ལ། རྫ་ཆས་ཀྱིས་བཟོས་པའི་ལག་ཆ་དེ་རིགས་གཙོ་བོ་ཟས་གཡོས་སྦྱོར་བྱེད་པའི་ཐད་བཀོལ་བཞིན་ཡོད་པ་དང་། ལག་ཆ་དེ་དུས་ཡུན་རིང་བོར་མེ་ནང་དུ་བཀོལ་ཡང་གས་མི་སླ་བས། ང་ཚོས་ད་ལྟ་བཀོལ་བཞིན་པའི་རྫ་ཁོག་དང་ཕལ་ཆེར་གཅིག་འདྲ་རེད་ཟེར།
གནའ་རྫས་རྟོག་དཔྱོད་ལས་བདེན་དཔང་བྱས་པ་ལྟར་ན། ལོ་སྟོང་ལྔའི་ཡར་སྔོན་ལ། མཚོ་སྔོན་ས་ཁུལ་ནི་མ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་དུས་མཇུག་ནས་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་དུས་སྐབས་ཡིན་པ་དང་། སྐབས་དེའི་འཚོ་བའི་བཀོལ་སྤྱོད་ཀྱི་དངོས་རྫས་གཙོ་བོ་ནི་རྫ་ཆས་ཡིན་ལ། རྫ་ཆས་བསྲེགས་པའི་ལག་རྩལ་ཅུང་མཐོ་ཟེར།
ཆེད་མཁས་པས་བལྟས་ན། རྫོང་རི་ཤུལ་བཞག་ཁུལ་དུ་གསར་རྙེད་བྱུང་བའི་དངོས་རྫས་བསྡུར་ནས་ལྟོས་ན། རྡོ་ཆས་གསར་མའི་དུས་སྐབས་སུ། མཚོ་བོད་མཐོ་སྒང་དུ་གདོད་མའི་ཚོ་བ་གཅིག་ཁེར་རྐྱང་སྒོས་འཚོ་བཞིན་པ་མ་ཡིན་པར་ལོ་ངོ་སྟོང་བཞི་ལྷག་གི་ཡར་སྔོན་ནས། མཚོ་བོད་མཐོ་སྒང་གི་ས་ཁུལ་གཞན་པའི་མི་རྣམས་ཀྱིས་ཟས་གོས་ཀྱིས་ཆེད་དུ་འབད་པ་བྱེད་བཞིན་པའི་སྐབས་སུ། རྫོང་རིའི་མིས་འབའ་ཆུ་དང་རྨ་ཆུའི་བར་གྱི་ཟུར་གསུམ་ས་ཁུལ་དུ་འབྱོར་ཕྱུག་ལྡན་པའི་ཕ་ཡུལ་ཞིག་འཛུགས་སྐྲུན་བྱས་ཡོད་པར་འདོད་ཟེར།
བང་ཀོ་ཧྲོང་གིས། “རྫོང་རི་རིག་གནས་ལ་ཞིབ་འཇུག་བྱས་པ་བརྒྱུད། བོད་མིའི་འབྱུང་ཁུངས་སྐོར་གྱི་དོགས་གཞི་གང་མང་ཞིག་རིམ་གྱིས་སེལ་བར་མ་ཟད། ང་ཚོས་སྣ་མང་གཞི་གྲུབ་ཀྱི་ཀྲུང་ཧྭའི་རིག་གནས་ལ་ཡང་བསྐྱར་ངོས་འཛིན་བྱེད་པར་རོགས་རམ་བྱས”ཟེར།