ལྷ་ཀླུ་དགའ་ཚལ་ཕོ་བྲང་།

ཡོང་ཁུངས། མི་དམངས་དྲ་བ།
ཕོ་བྲང་པོ་ཏ་ལ་ནས་བྱང་ཕྱོགས་ཀྱི་མི་རིང་བའི་སར་དུས་རབས་བཅུ་བདུན་པའི་ནང་བཞེངས་པའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཕོ་བྲང་ཞིག་ཡོད་པ་དེར་མི་རྣམས་ཀྱིས་ལྷ་ཀླུ་དགའ་ཚལ་ཕོ་བྲང་ཞེས་འབོད། 2013ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་ཕོ་བྲང་དེར་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་800ཙམ་ཡོད་པ་དང་ས་རྡོ་ཤིང་གསུམ་དང་ཨར་ཀ་བཅས་ལས་གྲུབ་ཅིང་། སྤེན་བད་ཀྱིས་བརྒྱན་པའི་གནའ་བོའི་ཨར་སྐྲུན་བཟོ་རྩལ་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་ཐོག་བརྩེགས་གསུམ་ཅན་གྱི་ཕོ་བྲང་ཞིག་རེད།

  གནའ་སྔ་མོ་ནས་ས་དེར་ནགས་ཚལ་སྟུག་ལ། ཉི་མ་འཆར་སྔ་བ་དང་ཉི་འོད་འཕྲོ་ཤུགས་ཆེ་བ། མཚེའུ་ཆེ་ཆུང་མང་ལ་ནེའུ་གསིང་རྣམ་པར་བཀྲ་བ་བཅས་ཡོད་པས། པུར་རྒྱལ་གདུང་རབས་སོ་བཞི་པ་མང་སྲོང་གི་དུས་ནས་བཟུང་། ས་དེ་སྤྲོ་གསེང་གཏོང་ཡུལ་ཡིན་པའི་ཤོད་སྲོལ་ཡོད། ལྷག་དོན་ངག་རྒྱུན་ལྟར་ན་གནས་དེའི་མཛེས་ལྗོངས་ཧ་ཅང་ཉམས་དགའ་བའི་སྟབས་ཀྱིས། མི་ཚོས་ལྷ་དང་ཀླུ་ཡི་བུ་དང་བུ་མོ་སྤྲོ་གསེང་གཏོང་ཡུལ་གྱི་དགའ་ཚལ་ཞིག་རེད་ཅེས་བསྔགས་པ་བརྗོད་པས་ལྷ་ཀླུ་དགའ་ཚལ་ཞེས་ཐོགས་པར་གྲགས།

  བོད་ས་གནས་སྲིད་གཞུང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་གནས་དེར་སྤྲོ་གསེང་གནང་བར་ཡང་སེ་ཕེབས་ཀྱི་ཡོད་པས། དབུས་ཀྱི་མཚེའུ་ཆེ་བ་དེའི་སྟེང་དུ་སྤྲོ་གསེང་གནང་ཡུལ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཞིག་གསར་སྐྲུན་གནང་བ་རེད། ཕྱིས་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང་རྗེས་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་ཁོང་ལ་སྐུ་སྐལ་གང་འཚམ་དང་སྐུ་འཁོར་ཉུང་ངུ་ཞིག་བཀོད་སྒྲིག་གིས་ལྷ་ཀླུ་དགའ་ཚལ་ཕོ་བྲང་དུ་བཞུགས་སུ་བཅུག་རུང་། མཇལ་ཁ་ཞུ་མཁན་མང་བ་སོགས་ཀྱིས་བློར་མ་བབས་སྟབས་ནང་སར་གདན་འདྲེན་ཞུས་ནས་མཚོ་སྔོན་གྱི་ཀུན་དགའ་ནོར་ཞེས་པའི་ས་ཆར་ལྐོག་དཀྲོང་ལམ་དུ་མ་སོང་བ་ནི་ལོ་རྒྱུས་ཡིག་ཆ་དག་ལ་འཁོད་པ་ལྟར་ཡིན། དུས་དེ་ཙམ་ནས་ལྷ་ས་ལྷ་ས་སྐྱིད་པ། དེ་ལས་ལྷ་ཀླུ་སྐྱིད་པ། ཞེས་པའི་དམངས་གཞས་གྲགས་ཅན་དེ་ཡང་དར་བར་གྲགས། སྤྱི་ལོ་1763ཙམ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་གསེར་ཁྲིར་མངའ་གསོལ་ཞུས་རྗེས་ལྷ་ཀླུ་དགའ་ཚལ་ཉེ་འགྲམ་དུ་ཡབ་གཞིས་གསར་རྒྱག་བྱས་ནས་ཡབ་ཡུམ་སྐུ་མཆེད་དང་བཅས་པ་དེར་བཞུགས་པས་ཡབ་གཞིས་ལྷ་ཀླུ་ཞེས་པའི་མིང་དེ་ཐོག་མར་ཆགས། དེ་རྗེས་དུས་ཀྱི་ལོ་ཟླའི་འཁོར་བགྲོད་མང་ཙམ་བརྒྱུད་རྗེས་སྐུ་ཕྲེང་བརྒྱད་པའི་མ་རྒྱུད་ཉུང་ཤས་ཡོད་པ་ལས་རུས་རྒྱུད་ཆད་སྟབས། སྤྱི་ལོ་1860ཙམ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་གསེར་ཁྲིར་མངའ་གསོལ་ཞུས་རྗེས་ཡབ་གཞིས་གསར་དུ་རྒྱག་མི་དགོས་པ་བྱས་ཏེ། ཡབ་གཞིས་ལྷ་ཀླུར་སྒྲིལ་ནས་ལྷ་ཀླུ་དགའ་ཚལ་དེ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་ཡབ་གཞིས་བྱས་པས་ཡབ་གཞིས་ལྷ་ཀླུ་ཞེས་སྐུ་དྲག་ཆེ་གྲས་ཤིག་ཏུ་གྱུར། དེ་རྗེས་དུས་ཀྱི་འཕོ་འགྱུར་གང་ཙམ་འགྲིམ་རྗེས་ཀྱི་དམངས་གཙོའི་བཅོས་སྒྱུར་གོང་གི་ལྷ་ཀླུ་དགའ་ཚལ་གྱི་སྦྱིན་བདག་ནི་ཚང་མས་མཁྱེན་གསལ་ལྟར། བོད་ས་གནས་སྲིད་གཞུང་གི་བཀའ་བློན་དང་མདོ་སྤྱི་བྱེད་མྱོང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྱེད་མྱོང་བའི་ལྷ་ཀླུ་ཚེ་དབང་རྡོ་རྗེ་ཡིན། དམངས་གཙོའི་བཅོས་སྒྱུར་གྱི་རྗེས་སུ་ཕོ་བྲང་དེ་ལྷ་ཀླུ་གྲོང་ལྷན་གྱི་གཞུང་ལས་ཁང་བྱེད་བཞིན་ཡོད།ལྷ་ཀླུ་དགའ་ཚལ་ཕོ་བྲང་ནི་བོད་ཀྱི་འཛུགས་སྐྲུན་སྤྱི་ཡི་ཆོས་ཉིད་ལྟར་ཁ་ལྷོར་ཕྱོགས་པ་དང་གནའ་བོའི་བཟོ་སྐྲུན་གྱི་ཁྱད་ཆོས་ཡོངས་སུ་ཚང་ཞིང་། ཐོག་བརྩེགས་གསུམ་ལྡན་དེའི་ནང་ངོས་ཀྱི་ཁང་མིག་རྒྱ་ཁྱོན་ནི་སྤྱིར་ན་ཀ་བ་གཅིག་དང་། གཉིས། བཞི་བཅས་ལས་གྲུབ་པ་དང་ཐོག་བརྩེགས་གཉིས་པ་དང་གསུམ་པའི་དཀྱིལ་དུ་གནམ་སྒོ་ཡོད་པ་དང་། ཐོག་བརྩེགས་གསུམ་པའི་བྱང་དང་ཤར་ནུབ་བཅས་པར་ཁང་མིག་གསུམ་རེ་ཡོད། ལྷ་ཀླུ་དགའ་ཚལ་ཕོ་བྲང་ནི་ཉམས་ཆག་དང་གཏོར་སྐྱོན་མ་ཕོག་པའི་སྐུ་དྲག་ཁྱིམ་རྒྱུད་ཀྱི་གཞིས་ཀ་ཞིག་ཡིན་པས་གནའ་བོའི་འཛུགས་སྐྲུན་ལོ་རྒྱུས་དང་། མི་རིགས་ཀྱི་ཁྱད་ཆོས། བཟོ་རྩལ་གྱི་ཉམས་འགྱུར་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན་ནོ། (ཆུང་བདག་གིས)

 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།