སྒོ་མང་མཆོད་རྟེན་སྟེ་མཚན་ཡོངས་ལ་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ཟེར་ཞིང་།ཉེ་ལམ་མཆོད་རྟེན་དེ་ལ་ཧྲང་ཧའེ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་སྤྱི་ཁྱབ་པུའུ་ནས་ཞིབ་དཔྱད་དཔྱད་བསྡུར་རབ་དང་རིམ་པ་བརྒྱུད་མཐར།འཛམ་གླིང་ཆེན་མོ་ཅི་ཉི་སིའི་ཡང་རྩེ་སྟེ།བོད་ལུགས་མཆོད་རྟེན་གྱི་བཀོད་པ་ཆེས་མཆོག་ཏུ་གྱུར་བ་ཞེས་པའི་མཚན་སྙན་བསྒྲོན་ནས་ཀྲུང་གོའི་བོད་ལུགས་མཆོད་རྟེན་ཆེས་ཤོས་སུ་གྱུར།༢༠༡༨ལོའི་ཟླ༡པོར་དཔང་ཡིག་དངོས་སུ་སྤྲད།
མཆོད་རྟེན་འདི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་ཡུལ་བིས་མདོ་ཡུལ་དུ་ཆགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་ལས་གསང་སྔགས་ལུགས་ཀྱི་དཀྱིལ་འཁོར་ལྟར་བརྩིགས་ཡོད།མཐོ་ཚད་ལ་སྨི༦༠དང་ཞེང་ལ་སྨི༥༧ཡོད་པ་རེད།མཆོད་རྟེན་གྱི་བཀོད་པ་ཡོངས་ཕྱི་ནང་བར་གསུམ་དུ་ཕྱེས་པའི་ནང་དུ་བང་རིམ་ལྔ་དང་།ཕྱི་རུ་སྒོ་མོ༡༠༨། བར་དུ་ལྷ་ཁང་ཆེ་ཆུང་༡༢༨བཅས་དང་། ནང་བཞུགས་ཀྱི་རྟེན་ལ་ཟངས་སྐུ་ཆིག་ཁྲི།བཀའ་བསྟན་འགྱུར་ཆ་ཚང་། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དཔེ་ཚོགས་ཁྲི་བཅས་ཡོད།
༢༠༠༤ལོའི་ཟླ༢པའི་ཚེས༡༡ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཚ་བོ་སྒར་བ་ངག་དབང་བཟང་བོ་ཚང་གིས་ཐུགས་བཀོད་འོག ༢༠༡༦ལོའི་ཟླ༨པའི་ཚེས༡༠ཉིན་ལེགས་འགྲུབ་བྱུང་ནས་པཎ་ཆེན་མཚན་ཉིད་གླིང་གིས་བདག་བྱེད།
༢༠༡༦ལོའི་ཟླ༩བའི་ཚེས༡༠ཉིན་རྒྱ་བརྒྱུད་ནང་བསྟན་དང་།ལྷོ་བརྒྱུད་ནང་བསྟན།བོད་བརྒྱུད་ནང་བསྟན་བཅས་སྐད་ཁོངས་གསུམ་གྱི་ནང་བསྟན་པའི་སྐྱེས་ཆེན་དམ་པ་ལྷན་འཛོམས་ཀྱིས་མཆོད་རྟེན་ལ་རབ་གནས་མཛད།