
དབྱར་སྨད་དུ་བྱང་འབྲོག་གི་མི་གཞོན་མང་ཙམ་ཆིག་སྒྲིལ་གྱིས་ཁལ་གཡག་མང་དུ་འདེད་དེ་འབྲོག་ཐང་ཐག་རིང་ན་གནས་པའི་འབྲོང་བརྔོན་དུ་འགྲོ་སྲོལ་ཡོད་པ་རེད། དེ་ཡང་འབྲོག་ཐང་ཕལ་མོ་ཆེར“རྣུ་ལུ”ཞེས་བྱ་བའི་འབྲོང་རྒོད་ཁེར་རྐྱང་དུ་གནས་པ་མང་དུ་ཡོད་འདུག་པ་དེ་རིགས་ནི་གཟུགས་བངས་ཧ་ཅང་ཆེ་ཞིང་ཤ་ཧ་ཅང་མཁྲེགས་པོ་ཡོད་པར་བརྟེན་གསོད་སྲོལ་མེད་ཅིང་། ཁོང་ཚོར་དགོས་པའི་འབྲོང་ནི་འབྲོང་ཁྱུའི་ནང་དུ་གནས་པའི་འབྲོང་ཤད་དམ་འབྲོང་འབྲི་མ་གཞོན་རིགས་རྣམས་ཡིན་པ་རེད། འབྲོང་གསོད་མཁན་ཚོ་འབྲོང་ཁྱུའི་གནས་ཕྱོགས་སུ་སླེབས་པའི་ཚེ་ཐོག་མར་སྤོ་བརྩེགས་ཀྱི་གབ་ཁུང་འགའ་ཤས་བཟོ་ཞིང་། དེའི་ནང་དུ་རྔོན་པ་འགའ་ཤས་ཀྱིས་མེ་མདའ་ཐོགས་ཏེ་སྡོད། རྔོན་པ་གཞན་དག་གིས་རྟ་ཞོན་ཏེ་འབྲོང་ཁྱུ་གང་དུ་གནས་ཕྱོགས་དངོས་ཀྱི་མཐའ་བསྐོར་ནས་འབྲོང་རྣམས་རྔོན་པའི་གབ་ཁུང་གི་ཕྱོགས་སུ་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད། ནམ་འབྲོང་རྣམས་གབ་ཁུང་དང་ཉེ་བའི་སར་སླེབས་པའི་ཚེ་འབྲོང་འདེད་མཁན་གྱི་རྔོན་པ་ཚོ་མྱུར་བར་ས་ཐག་རིང་པོར་འབྲོས་ཤིང་། དེའི་ཚེ་གབ་ཁུང་ན་གནས་པའི་རྔོན་པ་ཚོས་འབྲོང་གཞོན་གྱི་རིགས་རྣམས་འདེམས་ནས་གསོད་སྲོལ་ཡོད་པ་རེད། འོན་ཀྱང་འབྲོང་ཁ་ཤས་ལ་མེ་མདའ་ཐེབས་ནས་ཁྲག་ཐོན་པའི་ཚེ་འབྲོང་ཁྱུ་དག་དེར་འདུས་ཤིང་“ཁྲག་འབོད་”ཅེས་བྱ་བའི་འུར་ཅོ་དྲག་པོར་སྒྲོག་ཅིང་རྔོན་པ་སོགས་མཐོང་ན་ཀུན་ཀྱང་དེ་ཕྱོགས་སུ་རྒྱུག་གི་ཡོད་པ་རེད། སྐབས་དེར་ཐག་རིང་དུ་བྲོས་ཕྱིན་པའི་རྔོན་པ་ཚོས་ཀི་སྒྲ་དང་མེ་མདའི་སྒྲ་བཏོན་པ་ན་འབྲོང་ཁྱུ་རྣམས་དེ་ཕྱོགས་སུ་འགྲོ་ཞིང་། དེ་ནས་གནས་གཞན་དུ་འགྲོ་བ་ལས་སླར་གབ་ཁུང་གི་ཕྱོགས་སུ་ཡོང་གི་མེད་པ་རེད། སྐབས་འགར་རྔོན་པ་ཚོའི་ལས་སྟབས་ཉེས་པའི་དབང་གིས་འབྲོང་ཁྱུས་རྔོན་པའི་གབ་ཁུང་ཪྙེད་དེ་རྔོན་པ་བསད་པའི་ལོ་རྒྱུས་ཀྱང་མང་དུ་སྣང་ངོ་། །
འབྲོག་པའི་རྔོན་པ་ཚོའི་ངག་སྒྲོས་སུ་“འབྲོང་ནི་གཟུགས་བོངས་ཧ་ཅང་མཐོན་པོ་ཡིན་སྟབས་འབྲོང་གིས་རྭས་རྔོན་པ་ཚོ་གསད་ཐུབ་ཀྱི་མ་རེད། འོན་ཀྱང་ཉེན་ཆེ་བ་ནི་འབྲོང་གིས་མིའི་སྟེང་དུ་བྲོ་འཁྲབ་པའམ་ཡང་ན་འབྲོང་གིས་ལྕེས་བལྡགས་ནས་མི་གསོད་ཀྱི་ཡོད་པ་རེད་”ཅེས་ཟེར་རོ། །
སྤྱིར་བཏང་འབྲོང་ནི་མིའི་རིགས་ལ་གནོད་འཚེ་གང་ཡང་མི་བྱེད་པའི་རི་དྭགས་ཤིག་རེད། ང་ཚོ་འབྲོང་ཁྱུ་གནས་པའི་འབྲོག་ཐང་དུ་འགྲོ་བའི་ཚེ། འབྲོང་རྣམས་དལ་བུར་འབྲོག་ཐང་གཞན་དག་ཏུ་འགྲོ་བའམ། འགའ་ཤས་ནི་ང་ཚོ་དང་ཧ་ཅང་ཉེ་བའི་སར་སྡོད་ཅིང་ང་ཚོལ་ཡ་མཚན་པའི་རྣམ་པས་བལྟས་ཏེ་ལྷོད་པོར་ང་ཚོའི་དྲི་སྣོམ་ཀྱི་འདུག འབྲོག་མིའི་གནས་ཡུལ་དང་ཉེ་བའི་འབྲོག་ཐང་རྣམས་སུའང་འབྲོང་ཁྱུ་དུ་མ་ཡོད་འདུག་ཅིང་། འོན་ཀྱང་དེ་དག་ནི་འབྲོག་ཡུལ་སོ་སོའི་རྔོན་ཁྲིམས་ཀྱི་ཁོངས་སུ་ཚུད་ཡོད་པར་བརྟེན་རང་གཞན་སུས་ཀྱང་གསོད་ཆོག་གི་མེད་པ་རེད། འབྲོག་མི་ཚོའི་བསམ་པར་རི་དྭགས་ཀྱི་རིགས་རྣམས་ནི་ཡུལ་ལྷ་སོ་སོའི་སྒོ་ནོར་ཡིན་པ་དང་། ལྷག་པར་དུ་འབྲོང་ནི་འབྲོག་མི་ཚོའི་གཡག་དང་འདྲ་ཞིང་། དགོ་བ་དང་གནའ་བ་དག་ནི་འབྲོག་མིའི་ར་ལུག་དང་འདྲ་ལ། རྐྱང་ནི་འབྲོག་མིའི་རྟ་དྲིལ་དང་འདྲ་བ་སྟེ། དེ་དག་ནི་ཡུལ་ལྷའི་སྒོ་ཕྱུགས་གནད་ཆེན་ཡིན་པར་བརྟེན་སུས་ཀྱང་གསོད་མི་ཆོག་ཅིང་། སུ་ཞིག་གིས་བསད་ན་དེ་ནི་ཡུལ་ལྷ་དང་འཁོན་གཞིར་འགྱུར་བ་དཔེར་ན་འབྲོག་མི་ཕན་ཚུན་གྱི་རྩོད་གཞི་ལ་བརྟེན་ནས་ཏིས་རྩོད་འབྱུང་བ་ལྟར་ཧ་ཅང་ཉེན་ཆེ་བར་ངོས་འཛིན་ཀྱི་ཡོད་པ་རེད།
ཡ་མཚན་འོས་པའི་གཏམ་ཞིག་ནི། འབྲོག་མིའི་རྔོན་པ་འགའ་ཞིག་ན་རེ། “སྐབས་ཤིག་ཏུ་ང་ཚོས་འབྲོང་གཡག་ཆེན་པོ་ཞིག་བསད་པ་ཡིན། འབྲོང་གཡག་དེའི་རྒྱབ་གྱི་སྤུ་རྩིད་ཀྱི་ནང་དུ་འབྲུའི་སྙེ་མ་ཁ་ཤས་འདུག་”ཅེས་དང་། ཡང་རྔོན་པ་གཞན་ཞིག་ན་རེ། “འབྲོང་གཡག་གི་རྒྱབ་ཤ་དང་རྒྱབ་ཀོ་ནི་ཧ་ཅང་མཁྲེགས་པོ་དང་འཐུག་པོ་ཡོད་བ་དེས་སྦྲའི་ཀ་བའང་བཟོ་ཆོག་གི་རེད། དེའི་རྒྱུ་མཚན་ནི་ཡུལ་ལྷ་ཚོས་འབྲོང་གཡག་གི་རྒྱབ་ཏུ་ཁལའགེལ་གྱི་ཡོད་པ་རེད་”ཅེས་ཟེར་རོ། དེའི་ལོ་རྒྱུས་སྐོར་ཁོ་བོས་འབྲོག་མི་རྒན་པོ་དག་ལ་འདྲི་ཞིབ་ནན་ཏན་བྱས་པས། འབྲོག་མི་རྒན་པོ་དག་ཁ་མཐུན་པར། “ང་ཚོ་འབྲོག་ཡུལ་གྱི་ཡུལ་ལྷ་དྲག་རྩལ་ཅན་རྣམས་རོང་ཡུལ་དུ་གཤེགས་ཏེ་ལོ་ཏོག་ལ་སེ་ར་དྲག་པོ་རྒྱག་ཅིང་། འབྲུ་རྣམས་ཤྭ་བའི་རྒྱབ་ཁལ་ལམ། སྙེ་མ་རྣམས་འབྲོང་གི་རྒྱབ་ཏུ་འགེལ་ནས་སླར་འབྲོག་ཡུལ་དུ་གཤེགས་ཀྱི་ཡོད་པ་རེད། ”ཅེས་དང་། འབྲོང་ཡུལ་གྱི་བྱིས་པ་ལོ་མ་ལོན་པར་ཤི་བ་དེ་དག་ནི་ཡུལ་ལྷ་དྲག་རྩལ་ཅན་རྣམས་ཀྱི་སེ་ར་དྲིལ་མཁན་དུ་འགྱུར་ཞིང་། དེ་དག་གིས་དྲིལ་བའི་སེར་ར་རྣམས་རོང་ཡུལ་དུ་དྲངས་ནས་རོང་གི་འབྲུ་རིགས་རྣམས་ལེན་གྱི་ཡོད་པ་རེད། ”ཅེས་ཟེར་རོ། (ནམ་རྒྱུན་འབྲོག་ཡུལ་དུ་མི་ཤི་བའི་རྗེས་སུ་ཞག་བཞི་བཅུ་ཞེ་དགུ་མ་ཟིན་བར་དགེ་རྩ་རྒྱ་ཆེན་པོ་སྒྲུབ་སྲོལ་ཡོད་འདུག་ནའང་། བྱིས་པ་ལོ་མ་ལོན་པ་ཤི་བའི་རྗེས་སུ་བདུན་ཕྲག་གཅིག་ཙམ་གྱི་རིང་ལ་གསུར་བསྔོ་བྱེད་པ་ཙམ་ལས་དམིགས་བསལ་གྱི་དགེ་རྩ་རྒྱུན་རིང་དུ་སྒྲུབ་སྲོལ་མི་འདུག་པའང་རྒྱུ་མཚན་དེ་ལྟ་བུ་ཞིག་ཡིན་པར་སེམས་སོ། །
རྒྱུ་མཚན་གཞན་ཞིག་ནི། ཁོ་བོ་ཅག་ཨ་རིག་རྫ་ཞེས་བྱ་བའི་འབྲོག་སྡེར་འབྱོར་བའི་ཚྭ་ཡུལ་དེར་རྡ་ལོ་ཞེས་བྱ་བའི་མི་ཚང་འབྱོར་པ་འབྲིང་ཙམ་པ་ཞིག་ཡོད་འདུག་པ་དེ་ཚང་གི་ཁྱེའུ་ལོ་བཅུ་གཉིས་ལོན་པ་འགུ་ལུ་ཞེས་པ་དེ་རི་ལ་ལུག་རྫི་རུ་ཕྱིན་ཏེ་དེ་ནུབ་སླར་ནང་ལ་ལོག་ཏུ་མེད་ཅིང་། ཉིན་རྗེས་མར་ནང་མི་ཚང་མ་རི་ལུང་ཀུན་ཏུ་ཕྱིན་ཏེ་བཙལ་ཀྱང་མ་ཪྙེད། དེ་ནས་ཉིན་དྲུག་གི་རྗེས་སུ་རྫིའུ་འགའ་ཤས་ཀྱིས་ཁྱེའུ་འགུ་ལུ་ཞེས་པ་དེ་ཨ་བོ་ལྷ་ཆེན་ཞེས་བྱ་བའི་ཡུལ་ལྷ་དེའི་རི་ངོགས་སུ་འགྲོ་བར་མཐོང་ནས་རྗེས་དེད་བྱས་འདུག་ནའང་རྫ་རིའི་ནང་ཏུ་ཤོར་ཏེ་མ་ཐོབ། དེའི་ཉིན་རྗེས་མར་ནང་མི་དང་ཡུལ་མི་ཕལ་ཆེ་བ་རྫ་རིར་ཕྱིན་ཏེ་རྫ་གསེང་ཀུན་ཏུ་ཉུལ་བའི་མཐར་ཁྱེའུ་དེ་རྫ་རྡོ་ཆེན་པོ་གཉིས་ཀྱི་འོག་ཏུ་ཡིབས་པ་ལས་ཪྙེད་དོ། ། འོན་ཀྱང་ཐོག་མའི་དུས་སུ་ཁོའི་རང་གཤིས་ནི་མ་འདྲིས་པའི་རི་དྭགས་ལྟར་མིའི་རིགས་ལ་འཇིགས་སྣང་ཅན་ཞིག་ཏུ་གྱུར་ཡོད་འདུག་ནའང་། ཁོ་བོ་ཅག་རྡ་ལོའི་ནང་དུ་འབྱོར་བའི་ཚེ་དྲན་པ་བག་ཕེབས་ཤིང་དྲི་བ་ཚང་མ་ལ་ལན་ཤོད་ཤེས་ཀྱི་འདུག ཁོ་ན་རེ། “ངས་རྡོ་ལེབ་གཙང་མ་ཞིག་གི་ཐོག་ཏུ་རྫི་ཞོ་བླུགས་ཏེ་དལ་བུར་འཐུང་བཞིན་ཡོད་པའི་ཚེ་གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་འཐེན་མཁན་ཞིག་འདུག་ཅིང་། ཕར་བལྟས་པས་མི་ནག་རལ་ལུ་ཅན་འཕྱིང་གོས་གྱོན་པ་འཇིགས་སུ་རུང་བ་ཞིག་གིས་ང་ཨ་བོ་ལྷ་ཆེན་གྱི་རྫིའུ་ཡིན། ཁྱོད་ཀྱི་ཕས་ངའི་དགོ་བ་གཉིས་བསད་སོང་བ་དེའི་སྟོང་འཇལ་དུ་འགྲོ་ཞིག་”ཟེར་ཏེ་ངའི་མགྲིན་པ་ལ་ཐག་པ་ཞིག་བཏགས་སོང་བ་དེ་ནས་བཟུང་སླར་འདིར་ནང་དུ་འབྱོར་བའི་བར་དུ་གནས་ཚུལ་གང་བྱུང་ཤེས་ཀྱི་མི་འདུག་ཅེས་དང་། “སྐབས་འགར་ངས་འཕྱིང་བའི་སྦྲ་ཆེན་ལ་གོས་ཆེན་གྱི་ཡོལ་བ་ཡོད་པ་ཞིག་ཏུ་བཟའ་བཏུང་གི་སྐོར་ཧ་ཅང་ཡག་པོ་ཞིག་ཡོད་པ་དྲན་གྱི་འདུག་ཅེས་པ་ཙམ་ལས་གཞན་ཁ་གསལ་གང་ཡང་ཤོད་དུ་མི་འདུགཁོ་བོས་ཁྱེའུ་དེའི་ཕ་ལ་དགོ་བ་བསད་པ་ཡིན་མིན་དྲིས་པས། ཕ་དེས་ཡིད་ཆེས་དྲག་པོ་དང་བཅས་ཏེ་ན་རེ། “ངས་ཟླ་བ་གཅིག་གི་སྔོན་དུ་ཚྭ་ལེན་དུ་འགྲུལ་བཞུད་བྱེད་ཞོར་དུ་དགོ་བ་གཉིས་བསད་པ་ཡིན། འོན་ཀྱང་དེའི་གནས་ཚུལ་ངའི་ཁྱེའུ་སུས་ཀྱང་ཤེས་ཀྱི་མ་རེད། འདི་ནི་ཡུལ་ལྷ་ཨ་བོ་ལྷ་ཆེན་གྱི་བཀའ་ཆད་དངོས་བདེན་ཡིན་འདུག་ཅིང་། ད་ཕྱིན་ངས་རི་དྭགས་གཏན་ནས་མི་གསད་པའི་ཁས་ལེན་བྱེད་ཀྱི་ཡིན། མ་ཟད་ཨ་བོ་ལྷ་ཆེན་ལ་གསོལ་མཆོད་ཟབ་རྒྱས་ཤིག་བྱ་དགོས་འདུག”ཅེས་ཟེར་བས་ཁོ་བོ་ཅག་ཐུན་མོང་གིས་ལྷ་བསངས་ཀྱི་”ཆོ་ག་རྒྱས་པ་ཞིག་བསྒྲུབས་པ་ཡིན།
འབྲོག་ཡུལ་ཁག་ཏུ་དེ་འདྲ་བའི་ལོ་རྒྱུས་མུ་ཅན་དུ་ཡོད་པར་བརྟེན་འབྲོག་མི་དག་གིས་རི་དྭགས་བརྔོན་པ་ལ་དེ་ཙམ་དགའ་བོ་མི་བྱེད་ཅིང་། གཞོན་ནུ་ཉུང་ཤས་ཀྱིས་རི་དྭགས་བཤོལ་བ་དེ་དག་ནི་རྒྱུས་མེད་པའི་ཡུལ་དག་ཏུ་འགྲུལ་བཞུད་བྱེད་དགོས་ཀྱི་ཡོད་པ་རེད། སྤྱང་ཀུ་ནི་འབྲོག་ཡུལ་གྱི་དགྲ་བོ་ཆེ་ཤོས་ཤིག་ཡིན་པ་ལྟར་འབྲོག་མི་ཕོ་མོ་སུས་མཐོང་ནའང་དེ་འཕྲལ་དུ་གསོད་ཀྱི་ཡོད་པ་རེད། དེ་ཡང་འབྲོག་མི་ཞིག་གིས་སྤྱང་ཀི་ཞིག་སོད་པའི་ཚེ་མི་དེས་སྤྱང་ལྤགས་ཁྱེར་ནས་འབྲོག་སྡེ་དེར་“སྤྱང་ལྡོམ་”ཞེས་བྱ་བའི་སློང་མོ་ཞིག་འགྲོ་སྲོལ་ཡོད་འདུག་ཅིང་། མི་ཚང་སོ་སོ་ནས་མི་དེ་ལ་མར་དང་ཕྱུར་ར་སོགས་མི་ཉུང་བ་རེ་སྟེར་དགོས་ཀྱི་ཡོད་པ་རེད། གལ་ཏེ་མི་ཚང་ཞིག་གིས་མི་དེ་ལ་སྤྱང་ལྡོམ་”གང་ཡང་མ་སྟེར་བ་ཡིན་ན། མི་དེས་“སྤྱང་སྣ་གཏུག”ཅེས་བྱ་བ་སྤྱང་ལྤགས་ཀྱི་སྣ་དེ་མི་ཚང་དེའི་ལྷས་འདབས་ཀྱི་རྡོ་ཞིག་ལ་གཏུགས་ནས་ལོག་ཅིང་། དེའི་དོན་ནི་ཡུལ་དེར་ལོ་གཅིག་གི་རིང་ལ་སྤྱང་ཀིའི་འཚེ་བ་གང་ཡོད་པའི་རྐྱེན་ངན་མཐའ་དག་མི་ཚང་དེའི་སྒོ་ཕྱུགས་ཀྱི་སྟེང་དུ་སྨིན་པའི་དོན་རེད། གནས་ཚུལ་དེ་ནི་འབྲོག་ཡུལ་དུ་ལོ་རྒྱུས་ཡོད་པ་ཙམ་ལས་སྤྱང་ལྡོམ་པ་སུ་ཞིག་གིས་ཀྱང་སྤྱང་སྣ་གཏུགས་ནས་ཕྱིན་ཚུལ་ཉེ་རབས་ཀྱི་ལོ་རྒྱུས་ཤོད་འོས་མི་སྣང་ཞིང་། གང་ལྟར་ཡང་འབྲོག་མི་ཚོས་སྤྱང་ལྡོམ་པ་དག་ལ་བྱ་དགའ་ལེགས་པོར་སྟེར་གྱི་ཡོད་པ་རེད།