མང་རའི་ཡུལ་གྱི་གཉེན་སྲོལ་ལས་སྐྲ་བཤད་ཀྱི་སྐོར།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

  སྐྲ་སླེ་དུས་རལ་བར་གཡུ་དང་བྱུ་རུ་ཉུང་ཙམ་ཞིག་བརྒྱུས་ནས་འཇོག་ལ་ནངས་མོ་རལ་ཤུབས་འདོགས་དུས་བླངས་ནས་ཨ་མར་སྤྲོད་པ་ནི་གཡང་ཡིན་པའི་བཤད་ཚུལ་འདུག རལ་ཤུབས་དེ་ནི་ཡུལ་གྱིས་འདོགས། བོད་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་བ་ལྟར་ཕྭ་གཡང་དང་བླ་སྲོག རྟེན་འབྲེལ་སོགས་གཙིགས་ཆེན་ལ་འཛིན་གྱིན་འདུག

  ས་ཆ་མང་ཤོས་སུ་བག་སྐྲ་ནི་བག་མ་སྐྱེལ་བའི་ནངས་མོ་ཐོ་རེངས་སྐར་ཆེན་ཤར་མ་ཐག་ཏུ་བག་ངུ་འཐེན་ནས་བསླེས་སྲོལ་འདུག མང་ཡུལ་རོང་ཁུལ་ཏུ་སྔུན་ཉིན་གྱི་དགོང་ཁར་བསླེས་པ་ཡིན། སྐབས་དེའི་ཕྱི་དྲོ་ལ་གཉེན་ཚང་གི་སོ་མང་ཆ་འགྲིག་ལ་སྒུག་ནས་ཐོན་པ་དང་མཉམ་ཏུ་ནང་འཁོར་གྱི་མ་སྲུ་མང་བོས་བག་མའི་མཐའ་ནས་བསྐོར་ཏེ་སྐྲ་ལན་བུ་མང་བོ་སླེ་བཞིན་མི་ཞིག་གིས་དབྱངས་རྟ་སྙན་མོ་དྲུག་འགྱུར་ལ་བཀུག་ནས་སྐྲ་ཤད་ཀྱི་བཤད་པ་འདི་གཏོང་ཀྱིན་འདུག

  བུ་མོ་ལོ་ལོ་དོན་འགྲུབ་མ། །

  བུ་མོ་ལོ་ལོ་བསམ་འགྲུབ་མ། །

  བསམ་དོན་ཡིད་བཞིན་འགྲུབ་རྒྱུ་མ། །

  བུ་མོ་འགྲོ་ས་གནས་ཡུལ་ཡིན། །

  གནས་ནས་རྒས་ན་ལས་འགྲུབ་ཡིན། །

  བན་དེ་འགྲོ་ས་སྒར་ཡུལ་ཡིན། །

  སྒར་ནས་རྒས་ན་ཚོགས་བསགས་ཡིན། །

  ཉི་ཤར་རྟེན་འབྲེལ་མགོ་མ་ལ། །

  ངས་བུ་མོ་ལོ་ལོ་སྐྲ་སྩོལ་ཞུ། །

  ལྕང་ལོ་རལ་བའི་གཙུག་ཕུད་འདི། །

  ཕ་ཁུ་བཟང་བོས་ཤད་ན་ཡག །

  མ་སྲུ་བཟང་བོས་གསིལ་ན་ཡག །

  རྒས་ཚེ་ཐག་རིང་བའི་རྟེན་འབྲེལ་འགྲིག །

  གོས་རི་མོ་ཅན་གྱིས་བཏུམ་ན་ཡག །

  རྒྱུ་འབྱོར་བ་ལྡན་པའི་རྟེན་འབྲེལ་ཡོད། །

  རལ་བ་ལྕུག་ཕྲན་ཕྲ་མོ་ལ། །

  དངུལ་གྱི་མེ་ཏོག་ཆ་བདུན་མཛེས། །

  འཚེ་མེད་བདེ་བའི་རྟེན་འབྲེལ་འགྲིག །

  རྟེན་འབྲེལ་འགྲིག་པའི་ཐོག་མ་ལ། །

  ངས་བུ་མོ་ལོ་ལོ་སྐྲ་ཞིག་ཤད། །

  སྐྲ་ཆུ་སྐོལ་སྤྱད་གསེར་ཟངས་དགོས། །

  གསེར་སེར་པོའི་ཟངས་ང་ཆ་གཅིག་དགོས། །

  དེ་མི་ལ་མེད་ཀྱང་ལྷ་ལ་ཡོད། །

  ལྷ་རྗེ་བཙུན་སྒྲོལ་མའི་མཛོད་ན་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  ཆུ་ལྡུག་སྤྱད་དངུལ་གྱི་གཞོང་བ་དགོས། །

  དངུལ་དཀར་གཞོང་བ་ཆ་གཅིག་དགོས། །

  དེ་མི་ལ་མེད་ཀྱང་ལྷ་ལ་ཡོད། །

  ལྷ་དྲི་ཟའི་བུ་མོའི་མཛོད་ན་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  ཆུ་བཅུ་སྤྱད་དུང་སྐྱོགས་ཆ་གཅིག་དགོས།

  དེ་མི་ལ་མེད་ཀྱང་ཀླུ་ལ་ཡོད། །

  ཀླུ་མོའི་དུང་མཚོ་མཛོད་ན་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  གཡས་སྐྲ་ཤད་དུས་སོ་མང་དགོས། །

  གསེར་གྱི་སོ་མང་ཆ་འགྲིག་དགོས། །

  དེ་རང་ལ་མེད་ཀྱང་གླིང་ན་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  གཡོན་སྐྲ་ཤད་དུས་སོ་མང་དགོས། །

  དངུལ་དཀར་བོའི་སོ་མང་ཆ་གཅིག་དགོས། །

  དེ་རང་ལ་མེད་ཀྱང་དབུས་ན་ཡོད། །

  རྣམ་བཅུད་བང་མཛོད་ནང་དུ་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  རལ་བ་ཤད་དུས་སོ་མང་དགོས།

  དུང་དཀར་པོའི་སོ་མང་ཆ་གཅིག་དགོས། །

  དེ་རང་ལ་མེད་ཀྱང་རྒྱ་ན་ཡོད། །

  རྒྱ་ནག་རྒྱལ་བོའི་མཛོད་ན་ཡོད། །

  ང་མིང་ཆུང་སོང་ནས་གཡར་ན་ཆོག །

  སྐྲ་གཡས་གཡོན་གཉིས་ཀ་ཤད་པའི་དུས། །

  བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲ་བ། །

  སྒྲོའི་གུར་ཁང་ལྷག་པར་མཛེས་པ་ལ། །

  གཡུ་བྱུར་གཉིས་ཀྱི་རྒྱན་ཆ་བསྒྲིགས། །

  དེ་རང་ལ་མེད་ཀྱང་དབུས་ན་ཡོད། །

  ང་མིང་ཆུང་སོང་ནས་ཉོས་ན་ཆོག །

  སྐྲ་རལ་བ་གཉིས་ཀ་ཤད་པའི་དུས། །

  མ་སེམས་ཅན་བག་མར་གོས་ཤིག་ཡོད། །

  གོས་ཕྱི་མ་གསེར་ནག་ལཛྙ་ཡིན། །

  གོས་ནང་མ་དངུལ་དཀར་པ་ཏྲ་ཡིན། །

  དྲོ་འཇམ་འཛམ་གླིང་ཉི་མ་ཡིན། །

  མགོ་སྐྲ་ལོ་བསླེས་ནས་ཚར་དུས་སུ། །

  དངུལ་གྱི་པ་ཏྲའི་སྐྲ་རྒྱན་དགོས། །

  རི་མོ་པ་ཏྲ་བསྣོལ་འདྲ་དགོས། །

  འོད་སྣང་སེར་པོ་ཉི་འོད་བསྒྲིབས། །

  སྐྲ་སྐག་འབྲུ་མར་སེར་བོ་ཡིན། །སྐྲ་ལམ་ཀ་རིང་སྔོ་རི་ཡིན། །

སྐྲ་ཐོག་རྫོང་ལ་གོས་ལྭ་ཡོད། །

  གོས་ལྭ་གོས་ཆེན་འབྲུག་མ་ཡིན། །

  གོས་ལྭ་རིང་ལྭ་ཐུང་བཅོ་བརྒྱད་ཡོད། །

  སྟོད་ཐུང་ཚི་ལེན་ཞིག་དང་བཅུ་དགུ་ཡོད། །

  ནག་པོ་རྔུལ་ལེན་ཞིག་དང་ཉི་ཤུ་ཡོད། །

  གོས་ཉི་ཤུ་བག་མའི་གོན་ཚད་ཡིན། །

  གོས་མང་བོ་བག་མའི་རྫོང་སྐལ་ཡིན། །

  ནངས་མོ་སྐྱ་རེངས་ཤར་དུས་སུ། །

  ཁྱོད་ཨ་ཁུ་རྣམས་ཀྱིས་སྐྱེལ་ནས་འགྲོ། །

  ན་ཟླ་མང་བོའི་བསྐོར་ནས་འགྲོ། །

  ཁྱོད་གནས་ལ་སོང་གི་ཕྱི་ཉིན་ནས། །

  ཨ་ཕ་གཅེས་གཅེས་ཨ་མྱེས་གཅེས། །

  ཨ་མྱེས་ལག་ལ་ཇ་འཇོག་བྱོས། །

  དེ་བྱོས་དང་བུ་མོའི་རྒྱན་ཞིག་ཡིན། །

  ཨ་མ་གཅེས་གཅེས་ཨ་ནེ་གཅེས། །

  ཨ་ནེའི་རྐང་ཚགས་གོམ་ཚགས་ལོངས། །

  རྒན་རྒོན་ཁ་ལ་མངར་ཟས་བླུད། །

  དེ་བྱོས་དང་བུ་མོའི་རྒྱན་ཞིག་ཡིན། །

  ཁྱོད་གནས་ལ་སོང་བའི་ཕྱི་ཉིན་ནས། །

  སྙིད་མོ་རང་གི་གཅེས་ནོར་ཡིན། །

  ལག་ལས་ཀ་མ་འགེལ་རང་གིས་ལས། །

  དེ་བྱོས་དང་བུ་མོའི་རྒྱན་ཞིག་ཡིན། །

  ནང་བཟའ་ཟླ་ཡིད་བཞིན་ནོར་བུ་ཡིན། །

  ནོར་རིན་ཆེན་ལེན་པ་ཚེ་ཡི་རྟེན། །

  སྐྱབས་དེ་ལ་བཅོལ་དང་བསོད་ནམས་འཕེལ། །

  དེ་བྱོས་ལ་བུ་མོའི་རྒྱན་ཞིག་ཡིན།

  སྐྱིད་ཆེ་དུས་འཚོ་བ་མཉམ་དུ་རོལ། །

  སྡུག་ཆེ་དུས་ཁུར་བོ་ཕྲག་ཏུ་ལོངས། །

  དེ་བྱོས་དང་བུ་མོའི་གཡང་ཁ་འཁོར། །

  ཆུང་བྱིས་པ་རྣམས་ནི་སེམས་ཀྱིས་སྐྱོངས། །

  ནང་ན་ཟླ་རྣམས་ནི་གྲོགས་སུ་སྟོན། །

  རྒན་ལོ་ལོན་རྣམས་ལ་གུས་བཀུར་བྱོས། །

  དེ་བྱོས་དང་བུ་མོའི་དགེ་རྩ་འཕེལ། །

  ཁ་ཡག་ཚིག་གིས་བརྩི་ཤེས་བྱོས། །

  ཞིམ་པོ་མངར་མོ་ལས་ཤེས་བྱོས། །

  རྒན་རྒོན་བྱིས་པ་སྙོར་ཤེས་བྱོས། །

  འགྲོ་གོམ་པ་འགྲོ་ཤེས་འདུག་ཤེས་བྱོས། །

  གོས་ཨ་འཇམ་ཚ་རུ་གོན་ཤེས་བྱོས། །

  ཕྱི་སྡེ་བའི་མི་ལ་འགྲིག་ནི་བྱོས། །

  ལག་ལས་ཀ་རླུང་ནག་འཚུབ་མ་བྱོས། །

  དེ་བྱོས་དང་བུ་མོའི་ཁ་ལས་དགེ།

  ལས་དཀར་ནག་གཉིས་ཀྱི་དབྱེ་ཤེས་བྱོས། །

  དེ་བྱོས་དང་བུ་མོའི་རླུང་རྟ་དར། །

  ཁྱོད་ཉིན་རེ་ནང་ནས་སྐད་རེ་གཏོང་། །

  ཟླ་རེ་ནང་དུ་བསྐོར་རེ་རྒྱག །

  ལོ་རེ་ནང་དུ་ལེན་དུ་ཡོང་། །

  བདེ་སྐྱིད་ཀྱི་ཉི་མ་དགུང་ནས་ཤར། །

  སྡུག་བསྔལ་གྱི་མུན་པ་མཐའ་ནས་སངས། །

  ད་མ་ངུ་མ་ངུ་གནས་ལ་སོང་། །

  སྐྱིད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །①

  སྐྲ་ནི་ལན་བུ་མང་པོ་བསླེས་ནས་རལ་བ་ཡི་རལ་ཤུབས་ནི་ཡུལ་གྱི་སྐལ་ཡིན་པས་གོས་སྐུད་ཀྱིས་མེ་ཏོག་ཕྲ་ཚོམ་བཏབ་པ་ཞིག་འདོགས་བཞིན་ཡོད། ལན་སྣེ་གནས་སའི་ཚང་གི་སྐལ་ཡིན་པས་གོས་སྐུད་ཚོན་མདོག་སྣ་ལྔའི་མཐའ་རྒྱན་ཅན་གཡུ་བྱུ་རུ་གཏམས་པའི་སྐྱ་ལོང་ཞིག་འདོགས་བཞིན་ཡོད།

  ②སྐྲ་ལན་བུ་མང་པོ་སླེ་སྲོལ་ནི་སྔོན་ནས་དར་ཡོད་པ་རེད། དེའི་སྐབས་སུ་སྐྲའི་ལན་བུ་མང་པོ་བསླེས་པ་དང་སྐྲའི་གསེབ་ལ་གཡུ་བྱུར་དང་དངུལ་འདོགས་པའི་སྣང་ཚུལ་མངོན་ལ། “སྐྲ་ལན་བུ་ནི་ཆང་མིའམ་བོད་རིགས་ཀྱི་མེས་པོ་ཐུ་བྷོད་མིའི་སྐྲ་རྒྱན་གྱི་ཁྱད་ཆོས་ཡིན③།” སྐྲའི་ལན་བུ་མང་བོ་སླེ་དོན་ནི་བོད་ཀྱི་ཡུལ་མཐོ་ཞིང་ཁ་དབུགས་ཧ་ཅང་འཁྱག་པའི་རྐྱེན་གྱིས་རྒྱུན་དུ་ཁ་བ་བབས་དྲགས་ཆེ་པ་རེད། ཁ་བའི་སྟེང་ལ་ཉི་འོད་བརྒྱབ་ན་འོད་ལྡོག་འཕྲོས་ནས་མིག་དབང་ལ་གནོད་པར་བརྟེན་སྐྲའི་ལན་བུ་མང་པོ་བསླེས་ནས་གདོང་མདུན་དུ་དཔྱངས་ན་གྲིབ་བསིལ་སྟེར་བ་དང་མིག་མི་ཕྱིད་པར་ཕན་པའི་ནུས་པ་སྟེར་སྲིད། དེའི་ཕྱིར་གནའི་བོད་མི་ཕོ་མོ་དག་གིས་ཀྱང་སྐྲའི་ལན་བུ་མང་བོ་ལས་པའི་སྣང་ཚུལ་མཐོང་བ་དེ་དོན་དང་མཐུན་པ་ཞིག་རེད་སྙམ། ད་ལྟའང་ཕྱུགས་རྫི་རྒད་པོ་མང་པོས་ཁ་བའི་ནང་དུ་མིག་མི་ཕྱིད་པའི་ཆེད་དུ་ཤེལ་མིག་ནག་པོ་བརྒྱབ་ནས་མིག་གིས་རྣོ་ལ་སྲུང་སྐྱོབ་བྱེད་བཞིན་གདའ། ཤེལ་མིག་ནག་པོ་མེད་དུས་རྟའི་རྔ་མ་ནག་པོས་མིག་ལ་ཡོལ་བ་འཐེན་ནས་ཁ་བའི་ནང་དུ་འགྲོ་བཞིན་ཡོད་ཚུལ་དེ་ལས་ལོ་རྒྱུས་ཀྱི་སྣང་ཚུལ་དེ་རྟོགས་ཐུབ། དེ་རིམ་བཞིན་བོད་ཀྱི་བུད་མེད་རྣམས་ཀྱིས་སྐྲ་ལན་བུ་མང་པོ་སླེ་ཚུལ་གྱི་སྲོལ་ཞིག་ངང་གིས་ཆགས་པ་རེད།

  མཆན།

  ①སྐྲ་བཤད་འདི་བཤད་མཁན། སྐལ་པེ1954ལོར་སྐྱེས། བཟོ་བ། 2010ལོའི3བའི་ཚེས2ལ་བཤད་དེ་རྟ་ལོ་ཐར་གྱིས་ཡི་གེར་ཕབ།

  ②སྐྱ་ལོང་ནི་དང་པོ་བོད་ཀྱི་བུད་མེད་རྣམས་ཀྱིས་ཟོ་བས་ཆུ་འཁུར་དུས་སྒལ་བར་གནོད་པ་མི་བྱེད་ཀྱི་ཆུ་སྟན་དེ་རིམ་བཞིན་མཛེས་དཔྱོད་ཀྱི་མ་ལག་སྐྱ་ལོང་དང་། ཚགས་རྒྱན་ཏུ་འགྱུར་བ་རེད།③1995ལོའི་དེབ་གསུམ་པའི《ཀན་སུའུ་མི་རིགས་ཞིབ་འཇུག》རྒྱ་ཡིག་གི་ཤོག་ངོས་86ན་གསལ།

 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།