རྟའི་སྲབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

  རྟའི་སྲབ་ལྟ་བུ་ལ་མཚོན་ན། ཆེས་སྤྱིར་བཏང་གི་ལག་ཆ་ཞིག་སྟེ། ཁ་ལོ་བསྒྱུར་བར་དགའ་བའི་དེང་སང་གི་མི་འགས་རྩོམ་ཡིག་དང་སྐད་ཆའི་ཁྲོད་གཟུགས་འགོད་དཔེ་འཇོག་རེ་བྱེད་པ་ལས། དེར་ཆེད་དུ་ཉམས་ཞིབ་དང་མཐོང་ཆེན་བྱས་པའི་སྨྱན་གཟུགས་ནི་གང་ཡང་མཐོང་དུ་མ་བྱུང་ལ། དེར་མ་ཟད་སྲབ་ཀྱི་བདག་པོ་སྟེ། འབྲོག་གི་གསར་བུ་ཚོར་སྲབ་གྲུབ་བྱེད་ཀྱི་རྒྱུ་རེ་རེ་བཞིན་དྲོངས་ཤོག་ཞེས་ན་ཚང་མ་ལྐུག་པར་མི་འགྲོའམ་སྙམ་པའི་དོགས་པ་ཞིག་ཀྱང་འདུག

  དེས་ན་ས་ཕྱོགས་སོ་སོའི་ལག་རྩལ་དང་རྒྱུ་ཆ་ལ་ཁྱད་པར་ཡོད་ངེས་ཀྱང་། འདིར་མདོ་སྨད་རྟའི་ཆོལ་ཁ་རུ་གྲགས་པའི་ཨ་མདོའི་འབྲོག་ཁུལ་ན་ཁྱབ་ཆེ་བའི་སྲབ་ངོ་སྤྲོད་ཐུང་ཐུང་ཞིག་བྱེད།

  སྔོན་མའི་སྲབ་ཀྱི་བཟོ་སྟངས་ནི་ཀོ་བ་རྐྱང་ལེབ་བཞི་བརྩེགས་རྗེས་དེ་དག་གི་སྣེ་ལ་ཨ་ཝོ་(ཨ་ལོང་)བརྒྱུས་ཏེ་གཙེག་དྲུབ་བྱེད་པ་ཡིན་ལ། དེའི་རིང་ཐུང་ལག་མཐོ་ལ་ཚད་ནས་གཏན་འཁེལ་བྱེད་ཅིང་།

  སྲབ་ཅིག་ལ་སྤྱིར་བཏང་གི་ས་ཨ་ཝོ་བཞི་ཡོད་པ་ཡིན། ཨ་ཝོ་བཞི་ལས་སོ་སོ་གྱོ་ནོན་ཞེས་རྟ་བོའི་ཐོད་པ་ནས་རྒྱུན་ཐག་ཞིག་དང་། མན་ཐག་ཅེས་མ་ནེའི་འོག་ནས་རྒྱུན་ཐག་ཞིག དེ་མིན་གདོང་བ་ནས་གདོང་ཐག་ཞེས་རྒྱུན་ཐག་ཞིག་བཅས་ཡོད་ལ།

  རྟའི་ཁ་དང་ཉེ་སར་ཁ་ནུར་ཞེས་ལྕགས་སྒོར་ཅུང་ཆེ་བ་གཉིས་ཡོད་ལ། དེ་གཉིས་ལས་ལྕེ་མདུད་ཅེས་ལྕགས་གུག་གཉིས་སྦྲེལ་མཐུད་བྱས་ཡོད་ཅིང་། དེ་ནི་རྟའི་ཁ་ནང་དུ་འཇོག་པ་ཡིན། གཞན་ཁ་ནུར་ནང་དུ་སྲབ་སྒྲོག་སྟེ་བཞོན་པ་པོས་ཁ་ལོ་བསྒྱུར་བྱེད་ཀྱི་ཐག་པ་ཡོད་ལ། གཡོན་ཕྱོགས་སུ་སྲབ་མདའ་སྟེ་རྟ་ཁྲིད་བྱེད་ཀྱི་ཐིག་པ་ཡོད་པ་ཡིན།

  སྲབ་ལ་ཡང་རབ་འབྲིང་ཐ་གསུམ་གྱི་རིམ་པ་ཡོད་ལ། ཀོ་བའི་བཟོས་པའི་ཐོག་ལྕགས་ཀྱིས་བརྒྱན་ཞིང་། ལྕགས་ཀྱི་ངོར་གསེར་ཆུ་དངུལ་ཆུའི་བྱུགས་པ།གདོང་ཐག་དང་གྱོ་ནོན་ངོས་སུ་ནོར་བུ་དང་ཕྲ་སོགས་ཀྱིས་བརྒྱན་པ་སོགས་བླ་ཆེན་དཔོན་ཆེན་གྱི་ཆེད་སྤྱོད་དང་། རྩིད་སྐུད་དང་བལ་སྐུད་ཀྱིས་བཟོས་པའི་སྲབ་ཕལ་བའང་ཡོད་དོ།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།