རྔ་བ་ས་ཁུལ་གྱི་ཁྱིམ་ཁང་ལ་སྤྱིར་བཏང་གི་ཁྱད་ཆོས་ཞིག་ཡོད་པ་ནི། ཁང་རྩེག་གཉིས་ཡན་གྱི་བཟོ་བཀོད་བྱས་ཡོད་པས་ས་ཁུལ་གཞན་དང་བསྡུར་ན་ཁང་པ་མཐོ་བ་དང་།ས་གྱང་བརྡུང་ནས་རྩེག་ཐོག་རྩེག་འཇོག་བྱས་ཡོད་པ་རེད། ཡིན་ནའང་དེང་སང་མི་མང་པོས་སྔར་གྱི་བཟོ་བཀོད་ལྟར་ཁང་རྩེག་མཐོན་པོ་མི་བཟོ་བ་དང་། ཕྱི་ནང་གི་བཀོད་པ་ཚང་མ་ལུགས་གསར་ལྟར་འགྱུར་བཞིན་ཡོད་ཅིང་། སྒེའུ་ཁུང་དྲ་ཁུང་དང་།ཕྱི་སྐས་ནང་སྐས་སོགས་མང་པོ་ཞིག་ཆེ་བ་དང་གསལ་བ། སྟབས་བདེ་དང་ལས་བདེ་རུ་གྱུར་ནས་ཡོད་པ་རེད། དེས་ན་གཤམ་ནས་རྔ་བའི་ཁང་ཁྱིམ་ངོ་སྤྲོད་ཏོག་ཙམ་བྱེད།
སྤྱིར་བཏང་ལྟར་ན་རྔ་བའི་ས་ཁུལ་གྱི་ཁང་བ་ལ་རྩེག་གསུམ་དང་བཞི་ཅན་ཤས་ཆེ་ཞིང་། དེ་ལས་གྲུབ་ཚུལ་ཐད་ནས།རྩེག་གསུམ་ཡོད་པ་ལས་རྩེག་དང་པོར་ཁང་མིག་མང་པོ་ཡོད་པ་དང་། དེར་ཡང་ཕག་ཁང་། ལུག་རྭ།སྒ་ཁང་། ལྷས་ཕྱི་ནང་སོགས་ཕྱུགས་རིགས་འདོག་ས་དང་ཅ་ལག་འཇོག་ས་སོ་སོར་ཡོད།
རྩེག་གཉིས་པའི་སྒོ་ཐོག་དང་དེའི་གཡས་ཕྱོགས་སུ་གཙོ་བོ་སྒོ་ཕྱུགས་གི་བཟའ་ཆ་ཡུག་པོ་དང་སོག་མ་འཇོག་པ་དང་།གཡོན་ཕྱོགས་སུ་ཁྱིམ་བདག་ཁྱོ་ཤུག་གི་ཉལ་ཁང་ཡོད་པ་རེད། སྒོ་ཐོག་ནང་མའི་ནང་དུ་དགུན་ཁ་འདུག་སའི་གོ་ཁྱིམ་དང་ཐབ་ཚང་ཡོད་པ་རེད།
རྩེག་གསུམ་པའི་ཐོག་ཏུ་དབྱར་ཁའི་གོ་ཁྱིམ་དང་།དེ་ནས་རབ་གསལ། ཉལ་ཁང་དང་གཙང་སྤྱོད་ཁང་བཅས་གཡོན་ནས་གཡས་ཕྱོགས་སུ་རིམ་བཞིན་ཡོད་ལ། ཕུག་ཏུ་འབྲུ་མཛོད་དང་རྩེག་གཉིས་པའི་གོ་ཁྱིམ་གྱི་དུད་སྒམ་དང་། མཆོད་ཁང་བཅས་ཡོད།
རྩེག་བཞི་བ་ནི་ཁང་བ་ཧྲིལ་བོའི་རྒྱབ་ཕྱོགས་སུ་ཡོད་ལ།
དེའི་སྤྱོད་སྒོ་ནི་རྩེག་གསུམ་པའི་མཆོད་ཁང་གི་དཀར་ཆ་འདོན་པའི་སྐར་ཁུང་ཞིག་དང་། དེ་མ་ཡིན་པར་གཡུལ་གཅོག་སྐབས་སྙེ་མ་སྐེམ་ས་དང་། རླུང་ལ་འཕྱར་ནས་འབྲུ་འཚག་ས། སོགས་ཡོད་པ་རེད།
སྤྱིའི་ཆ་ནས་ཁང་བ་ནི་མི་ཞིག་གི་གདོང་དང་འདྲ་པོ་ཡོད་ལ། མིག་དང་འདྲ་བའི་སྒེའུ་ཁུང་དང་སོ་དང་འདྲ་བའི་དྲ་ཁུང་། གྲ་རྒྱན་དང་སྐར་ཁུང་སོགས་སོ་སོར་དགེ་མཚན་དང་ཁྱད་ཆོས་ཧ་ལས་པ་མང་བ་བཞིན།འདིར་དེ་ཙམ་ཞིག་འགོད་པར་བྱ།