བོད་ཀྱི་རྟ་ལྕག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
         ང་ཚོས་ནམ་རྒྱུན་མི་རེ་ལ་བརྩོན་འགྲུས་བྱེད་པར་བསྐུལ་བར་“ཤེས་རབས་ཀྱི་རྟ་ལ་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་དགོས”་སོགས་སྐད་ཆ་སྙན་པོ་རེ་བཤད་པ་རེད། འོ་ན་རྟ་ལྕག་ནི་རྟ་ཕོ་བྲབས་བྱེད་ཁོ་ན་ཞིག་ལས། ཐ་སྙད་དེའི་ཚིག་ཟུར་ནས་གོ་བ་འདྲ་ཡོད་དམ་ཞེ་ན། དེ་ཡང་ཐ་སྙད་ཀྱི་གོ་དོན་ནི་མིས་གསར་དུ་སྦྱར་བའང་སྲིད་པ་བཞིན། ལྕག་ནི་སྐུལ་བྱེད་ཀྱི་བརྡ་དོན་ཞིག་ཡིན་ཞེས་ནའང་མི་སུས་བརྙོན་འཛུག་སྟེ་མི་ཚུགས་ལ།
          རྟ་ལྕག་ནི་སྒེར་གཅོད་པའི་ཁྲིམས་དབྱུག་ཅིག་གོ་ཞེས་ནའང་ཆོག ཡིན་ནའང་དེ་རིང་ང་ཚོས་རྟ་ལྕག་ཞེས་མིག་མཐོང་ལག་ཟིན་དུ་ཡོད་པའི་དངོས་པོ་ག་གེ་མོ་ཞིག་ངོ་སྤྲོད་པར་བྱེད་དོ།།
         བོད་ཀྱི་རྟ་ལྕག་ནི་འབྲེང་རྒྱུན་ཕྲ་བོ་སུམ་གཤར་དང་བཞི་གཤར་བྱས་ནས། དེ་ལ་ཕྲ་སྦོམ་གྱི་རྩེ་རྟིང་བཏོད་དེ་སུམ་སླ་དང་བཞི་སླ་ཞེས་བསླས་རྗེས། དེའི་རྟིང་ངམ་ཡང་ན་ཅུང་སྦོམ་པའི་ཆ་དེ་ལག་ཡུ་ལ་འདོགས་པ་ཡིན།
         ལག་ཡུ་ལ་ཡང་ཤིང་ལས་སྲ་ཞིང་མཁྲེགས་པ་བེ་ཤིང་ལྟ་བུ་བཀོལ་ཏེ། རིང་ཐུང་དང་སྦོམ་ཕྲ་སོགས་ཚད་ལྟར་བཟོས་རྗེས། དེའི་མགོ་རྟིང་ལ་ལྕག་དང་དངུལ། ཟངས་སོགས་ཀྱི་ཁ་ཅུ་བཟོ་བ་དང་། ལྕགས་གཟེར་བརྡབ་རྗེས་དེའི་ནང་དུ་འབྲེང་རྒྱུན་འདོགས་པ་ཡིན།
         བཀོལ་སྤྱོད་ཐད་ནས་རྟ་རྒྱུགས་དང་གཡག་རྒྱུགས། བོང་རྒྱུགས་དང་དྲེལ་རྒྱུགས་ལྟ་བུའི་ཐོག་དུ་བཞོན་པའི་སེམས་ཅན་བསྐུལ་བར་བྱེད་པ་ཡིན་པར་མ་ཟད། སྔོན་མར་ཁྲིམས་ཆད་གཅོད་བྱེད་ཀྱི་ལག་ཆ་ཞིག་ཀྱང་ཡིན་ནོ།།
         སྤྱིར་གོང་ནས་བཤད་པ་ལྟར་རྟ་ལྕག་ལ་ཁ་མང་ལྕེ་མྱུར་བྱས་ནས་གླེང་རྒྱུ་མེད་ཀྱང་། འདི་ལྟ་བུའི་ཐ་སྙད་དམ་ཡང་ན་དངོས་པོ་རེ་རེས་ང་ཚོའི་འཚོ་གནས་སུ་རྩམ་དྲི་དང་མར་དྲི་ལྟ་བུའི་གཉུག་མའི་བརྡ་དོན་རེ་སྲུང་འཛིན་བྱས་ཡོད་པས།
          ང་ཚོས་རྟ་ལྕག་གིས་ལེ་ལོ་དང་སྒྱིད་ལུག་ལ་བྲབ་སྟེ་བརྩོན་འགྲུས་དང་རྩོལ་བ་བསྐྱེད་ཆོག་ལ། ང་ཚོས་རྟ་ལྕག་གི་ན་ཟུག་གླེང་ནས་སྒེར་གཅོད་དང་དབང་ཤེད་ལ་དམོད་ཀྱང་རུང་། གང་ལྟར་འདི་ལྟ་བུའི་དངོས་པོ་ཡང་ང་ཚོའི་རིག་གནས་ཀྱི་ཁོངས་ལས་མ་འདའ་བར་མ་ཟད། བརྗེད་མི་རུང་བ་སེམས་ལ་འཇོག་རྒྱུ་གལ་ཆེན་རེད།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།