
བོད་ཀྱི་སྣམ་བུ་དུས་རབས་གང་ལ་དར་ཚུལ་དཔྱད་པ།
རྩོམ་པ་པོ། རིག་སྨྱོན།
བོད་ཀྱི་སྣམ་བུ་ནི་བལ་སྐུད་ཀྱིས་བཏགས་པའི་གོས་རྒྱུ་ཞིག་ཡིན། དེ་ནི་དུས་རབས་བདུན་པའི་ནང་ལ་གནམ་རི་སྲོང་བཙན་གྱི་སྲས་བོད་རྒྱལ་གདུང་རབས་སོ་གསུམ་པ་རྒྱལ་པོ་སྲོང་བཙན་སྒམ་པོས་རང་མི་རིགས་ཀྱི་རིག་གནས་གོང་འཕེལ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བའི་ཆེད་དུ་རྒྱ་དཀར་ནག་སོགས་ཀྱི་ལག་རྩལ། ཚོང་འགྲུལ་སོགས་ཞི་དྲག་གི་སྒོ་ནས་འབྲེལ་བ་གནང་བའི་ཚུལ་ལོ་རྒྱུས་སུ་གསལ་བས་བལ་འཐག་གི་ལག་རྩལ་དང་དར་གོས་སོགས་འཕེལ་རྒྱས་བྱུང་བ་ཡིན། 《ཐང་ཡིག་ལས།》 བཙན་པོ་རང་ཡང་ཕྱིང་ལྭ་དང་སློག་པ་སྤངས་ནས་དར་ཟབ་ཀྱི་གོས་གྱོན། ཞེས་ཐགས་སུ་མ་བྱས་པར་ཆུ་ཆགས་ཀྱིས་བཅགས་པའི་ཕྱིང་བ་དང་པགས་རིགས་ཀྱི་གོས་རྣམས་སྤངས་ནས་དར་གོས་མནབས་པར་བཤད། གཞན་ཡང་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས།》 གནམ་རི་སྲོང་བཙན་སོགས་ཀྱི་ཡན་ཆོད་དུ་རང་རེའི་ཡུལ་འདིར་རྒྱལ་ཁབ་གཞན་གྱི་ཚོང་འགྲུལ་སོགས་ཀྱང་མེད་པར་ངེས་ལ། རང་མིས་ཀྱང་འཐག་ལེགས་པོ་མི་ཤེས་པས། ཕལ་ཆེར་རང་བྱུང་གི་སློག་པ་མནབས་ཡོད་པར་སེམས། རྒྱའི་གཏམ་རྒྱུད་ཞིག་ནའང་བོད་རྗེས་སློག་པ་མནབས་པ་སོགས་ཡོད་སྐད། ཅེས་གསུངས། འདིར་བཤད་པའི་སློག་པ་ནི་པགས་པའི་གོས་ཡིན་ཏེ། 《 ཐང་ཡིག་ལས། 》འཕྱི་བའི་པགས་པ་སློག་པར་རུང་ལ།ཞེས་དང་། ད་དུང་འཕྱི་བའང་ཡོད་ལ། དེའི་གཟུགས་དབྱིབས་རྫ་ཙིག་དང་མཚུངས་ཤིང་།ཆེ་ཆུང་བྱི་ལ་ཙམ་ཡོད། པགས་པ་གྱོན་ཆོག ཅེས་ལུག་ལྤགས་དང་ར་ལྤགས་ཀྱི་སློག་པ་མ་ཟད་འཕྱི་བའི་པགས་པ་ཡང་གྱོན་པ་དང་། ད་དུང་《ཐང་ཡིག་ལས།》བཙན་པོའི་སྐུ་ལ་སྟག་ལྤགས་དཀར་པོ་གསོལ། ཞེས་སོ།། མདོར་ན་དམངས་ཁྲོད་ཀྱི་བཤད་སྲོལ་དང་གང་ལ་དཔགས་ན་ད་ལྟ་རང་རེའི་ཐུན་མོང་མ་ཡིན་པའི་བོད་ཀྱི་བལ་འཐག་གི་ལག་རྩལ་ལས་བྱུང་བའི་སྣམ་བུ་ཡང་རྒྱལ་པོ་སྲོང་བཙན་གྱི་དུས་སུ་དར་ཁྱབ་བྱུང་བར་སེམས་སོ།།