
ཅ་ནེའི་ཤུབ་ནི་ཅ་ནེ་སྲུང་སྐྱོབ་བྱེད་པའི་ཡོ་བྱེད་ཅིག་ཡིན། འདིའི་བཟོ་རྩལ་ནི་རྙོག་འཛིང་ལྡན་ལ་རྒྱུ་སྤུས་ཅན་ཞིག་ཡིན་པས། ང་ཚོས་ཅ་ནེའི་ཤུབ་ཀྱི་བཟོ་རྩལ་དང་དེའི་ཡོན་ཏན་གྱི་ཕྱོགས་ནས་ངོ་སྤྲོད་ཐུང་ཐུང་ཞིག་བྱ།
ཅ་ནེའི་ཤུབ་ནི་ཤིང་སྐྱེར་ཁེ་ཞེས་པ་དང་། ཀོ་བ། སྐུད་དུ(སྐུད་པ)བཅས་ཀྱིས་སླ་བ་དང་གཙག་དྲུབ་ཟུང་འབྲེལ་བྱས་ནས་བཟོ་ཞིང་། དེ་ཡང་དེའི་བཟོ་བའི་གོ་རིམ་ནི། སྔོན་ལ་ཅ་ནེའི་ཤུབ་ཀྱི་མཐིལ་དུ་ཀོ་བ་སྒོར་མོ་ཞིག་དྲས་ཏེ་བཞག་རྗེས། དེའི་མཐར་སྐྱེར་ཁེའི་ཤིང་ཐུར་ཕྲ་ལ་མཉེན་པ་དག་རིམ་པ་བཞིན་སྐུད་པས་བཟོ་བ་ཡིན། སྐུད་དུ་ལ་དཀར་ནག་གཉིས་ཀ་ཡོད་པས་གཙག་དྲུབ་བམ་ཡང་ན་བཟོ་དྲུབ་བྱེད་སྐབས་སུ་ཁ་མདོག་སྣོལ་བ་ལ་བརྟེན་ནས་པ་ཏྲ་དང་། ཁ་རྒྱན་སོགས་འགོད་པ་ཡིན།
དེ་ལྟར་ཅ་ནེའི་དབྱིབས་ཀྱི་ཤུབ་ཅིག་གྲུབ་རྗེས། ཁ་ལེབ་ཅེས་ཤུབ་ཀྱི་ཁ་ཞེང་དང་འཕྲོད་པའི་སྒོར་མོ་ཞིག་བཟོ་ཞིང་། དེ་ཡང་ཀོ་བས་ཅ་ནེའི་ཤུབ་ཀྱི་ངོར་འདོགས་པ་དང་། མཆར་བྱེད་ཀྱི་ཀོ་བ་སོགས་བཏགས་རྗེས་ཅ་ནེའི་ཤུབ་ཞིག་གྲུབ་པ་ཡིན། དེ་ལས་གཞན་པའི་ཀོ་ཐུམ་བྱེད་པ་སོགས་ཀྱི་བཟོ་སྟངས་ཡང་ཡོད་པ་ཡིན།
ཅ་ནེའི་ཤུབ་ཀྱི་ཡོན་ཏན་བཤད་ན་ནི་འདི་ལྟར་ཏེ། སྔོན་མར་ཅ་ནེ་སོགས་མཁོ་ཆས་ཉུང་ལ། དེ་ལས་ལྷག་པར་དཀལ་ཡོལ་ལྟ་བུའི་རྫ་ཆས་ཀྱི་ཐབ་ཅ་ཉུང་བས་ན། མི་རྣམས་ཀྱིས་རང་ཉིད་ཀྱི་དཀལ་ཡོལ་སྲུང་སྐྱོབ་བྱེད་བདེ་བ་དང་། ཅ་ནེའི་ཤུབ་ཡོད་ན་རི་ལུང་གང་ལ་སོང་ཡང་རང་ཉིད་ཀྱི་རྩ་ཆེ་བའི་ཅ་ནེ་འདི་ཆག་མི་འགྲོ་བ་རེད།
ཡང་ཅ་ནེའི་ཤུབ་ལ་གཙང་སྦྲའི་ཐད་ཀྱི་ཡོན་ཏན་མི་དམན་པ་ཞིག་ཡོད་པ་སྟེ། སྤྱིར་བཏང་ང་ཚོ་བོད་པ་ཞིག་ལ་མཚོན་ན་ལས་ཀ་ཅི་ཞིག་སྒྲུབ་རུང་མཉམ་སྡེབ་ཀྱི་འདུ་ཤེས་ངེས་ཅན་ཞིག་ལྡན་ཡོད་པ་རེད། དེའི་ཕྱིར་ཞིང་ཁའི་ལས་ཀ་དང་རི་མགོའི་ལས་ཀ་གང་ཞིག་ཡིན་རུང་ཇ་ཐབ་གཅིག་གི་ནང་ནས་ཇ་འཐུང་བ་རེད། སྐབས་དེར་རང་རང་གི་ཅ་ནེ་བླངས་ནས་ཕྱི་རས་ཀྱིས་ཕྱིས་རྗེས་བཏུང་བ་ཡིན། འདིས་མི་དང་མིའི་བར་དུ་ནད་རིགས་འགོ་བ་སོགས་སྔོན་འགོག་བྱེད་པ་རེད། གཞན་ཅ་ནེའི་ཤུབ་ཀྱི་ནང་དུ་སྤྱིར་བཏང་ཕྱི་རས་རེ་ཡོད་ལ། དེས་ཕྱིས་ཏེ་ཅ་ནེའི་ཤུབ་ནང་བཅུག་རྗེས་གནས་གང་ལ་བཞག་ཀྱང་ས་རྡུལ་སོགས་མི་གཙང་བས་མི་བསླད་པའོ།།