ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

   10པའི་ཚེས19ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁངསྦྲང་ཆརརྩོམ་སྒྲིག་ཁང་གིས་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས།

    དཔྱད་གླེང་ཚོགས་འདུའི་སྟེང་། དེང་རབས་བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ་རུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་མཁན་གྱི་རྩོམ་པ་པོ་གྲགས་ཅན་དང་། རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་བཅུ་ཕྲག་ལྷག་འདུས་ནས། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་ལོ་ངོ་སུམ་ཅུ་ལྷག་རིང་གི་རྔུལ་ཁྲག་ལས་བཏོན་པའི་བྱས་རྗེས་ལ་དཔྱད་བརྗོད་དང་གདེང་འཇོག་གནང་། 

   ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་རིག་གསར་རྩོམ་གྱི་ལས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ། སྔ་གཞུག་ཏུ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད། འགྱུར་རྩོམ་སོགས་ཉིས་བརྒྱ་ལྷག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་གི་དཔྱིད་དང་རྣ་བའི་བཅུད་དུ་སྦྱིན་པར། ལས་འཕྲོ་ཀུན་གྱིས་བསྔགས་པའི་མེ་ཏོག་གཏོར་ས་དང་དགའ་བའི་མིག་དཔེ་འཛིན་ས་རུ་གྱུར་ཡོད། ཁོང་གིས་བརྩམས་པའི་སྒྲུང་གཏམ་དེབ་ལསྟོན་གྱི་རང་སྒྲདངབློ་མང་དོན་གྲུབ》《མར་མེ་ཚེ་འབརསོགས་འདུག་ཅིང་། སྙན་དེབ་ལཟླ་བ་ལྷ་མོཡོད་པར་མ་ཟད། འགྱུར་རྩོམ་དེབ་ལལོ་བརྒྱའི་ཁེར་རྐྱངདངདུས་རྒྱུན་གྱི་འཚོ་བ》《ཤེས་རབ་འཕེལ་བའི་བསྟན་བཅོས》 《རྒྱལ་ཁབ་གསུམ་པོ་མཉམ་ལངས》 བཅས་འདུག དེ་དག་ལས་བརྩམས་ཆོས་མི་ཉུང་བ་ཞིག་ལརྒྱལ་ཡོངས་སྐབས་བདུན་པའི་གྲངས་ཉུང་མི་རིགས་རྩོམ་རིག་རྟ་མཆོག་བྱ་དགའདང་། སྦྲང་ཆར་རྩོམ་རིག་བྱ་དགའབཅས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་གང་མང་ཐོབ། ཁོང་གིས་བརྩམས་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་སོགས་བརྩམས་ཆོས་གང་ཡིན་རུང་། མིང་ཚིག་གནད་དུ་ཁེལ་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་ལ། འཚོ་བར་ཁ་ཐག་ཉེ་ཞིང་བྱུང་རིམ་ཁྱད་མཚར་ལྡན་པ་དང་། མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་གསོན་ཉམས་དོད་པས། དུས་རབས་ཀྱི་མེ་ལོང་ཆེན་མོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། ལྷག་པར་དུ་བརྩམས་ཆོས་རྣམས་ཀྱི་བརྗོད་བྱ་རྒྱ་ཆེ་ཞིང་བསམ་བློ་ཡིས་ཕྱུག་པར་མ་ཟད། གསར་རྩོམ་གྱི་གནས་སྐབས་སུ། དེང་གི་དུས་ན་རྒྱུགས་ཆེ་བའི་རྩོམ་ཐབས་སྣ་ཚོགས་སྤྱད་པར་བརྟེན། སྒྱུ་རྩལ་གྱིས་འདྲེན་ཤུགས་བླ་ན་མ་མཆིས་པ་འཛོམས་ཡོད།

    ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཟུར་པ་བསོད་བློ་ལགས་ཀྱིས་འགོ་འཛིན་བྱས་ཤིང་། ཚོགས་ཐོག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་དེང་རབས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིསཨ་ཁུ་རྣམ་རྒྱལ་དང་ཁོའི་རྣམ་རྒྱལ་ཚེ་ལོཞེས་པར་དཔྱད་བརྗོད་གནང་བ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་སྙན་ངག་པ་ལྷ་རྒྱལ་ཚེ་རིང་གིས་སྙན་དེབཟླ་བ་ལྷ་མོལ་དཔྱད་བརྗོད་སྤེལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་མཚོ་སྐྱེས་དོན་གྲུབ་ཚེ་རིང་གིསགངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེནལ་དཔྱད་བརྗོད་གནང་། རྩོམ་རིག་དཔྱད་བརྗོད་པའམ་སྒྲུང་གཏམ་རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིསཨ་མ་དང་ཙིག་མལ་དཔྱད་བརྗོད་གནང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་རྩོམ་སྒྲིག་ཞུས་ཆེན་པའམ་རྩོམ་པ་པོ་རང་སྒྲསསྤྱང་ཀི  ལུག་རྫི་དང་ཁོའི་ཆུང་མལ་དཔྱད་བརྗོད་སྤེལ། མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་བརྙན་འཕྲིན་ཁང་གི་འགོ་གཙོ་ཟུར་པའམ་སྙན་ངག་པ་ཀླུ་ཚང་སྨྱུག་རྩེན་གྱིས་སྒྲུང་རིངམར་མེ་ཚེ་འབརལ་དཔྱད་བརྗོད་གནང་།  དེ་མིན་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྩོམ་པ་པོ་དང་། སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ་རྒན་མཛེས་སེ་དང་། གངས་ཞུན།  རམས་ཚེ་བྷོ། འགར་སྐལ་བཟང་། སྨུག་པོ་སོགས་ཀྱིས་སྔ་གཞུག་ཏུ་ཁོའི་བརྩམས་ཆོས་གཞན་དག་ལའང་དཔྱད་འཇོག་གནང་།

   མཇུག་མཐར་དཔྱད་གླེང་པ་རྣམས་ཀྱིས་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་འདས་པའི་རྩོམ་རིག་བརྩམས་འབྲས་ལ་བསྔགས་བརྗོད་དང་མ་འོངས་རྩོམ་རིག་གསར་རྩོམ་ལ་སྐུལ་ལྕག་གནང་བ་འདིས་ཀྱང་། ཁོས་མུ་མཐུད་དུ་དངོས་ཡོད་འཚོ་བར་ཟབ་ཞུགས་གནང་སྟེ། སྔར་ལས་སྤུས་ཚད་མཐོ་ཞིང་། བསམ་བློའི་སྒྱུ་རྩལ་གྱིས་ཕྱུག་པ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། སྒྱུ་རྩལ་གྱི་རིན་ཐང་མངོན་པར་མཐོ་བའི་དུས་རབས་གསར་པའི་རྩོམ་རིག་བརྩམས་ཆོས་སྤུས་ལེགས་ཅན་གང་མང་གསར་རྩོམ་བྱེད་ཐུབ་པའི་སྨོན་འདུན་ཡང་ཞུས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།