རྒྱལ་སྟོན་དུས་ཆེན་རིང་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་དམིགས་བསལ་གྱི་མགྲོན་པོ་སྐོར་ཞིག་བསུས་ཤིང་། སི་ཁྲོན་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་པ་ཀྲང་ཝེའུ་ལི་ཡིས་དྲ་ཐོག་ནས་བྱང་ཆུབ་ལྷ་མོ་དང་ཤྭ་བ་སེར་ཆེན་བར་གྱི་གཏམ་རྒྱུད་ལ་རྒྱུས་ལོན་བྱས་རྗེས། ཤྭ་བ་སེར་ཆེན་ལ་བཅངས་པའི་ཁྱད་མཚར་སྣང་བ་དང་བྱང་ཆུབ་ལྷ་མོས་ལོ་ངོ50རིང་ལ་ཤྭ་བ་སེར་ཆེན་ལ་བདག་སྐྱོང་བྱས་པའི་བརྩེ་སེམས་ལ་གུས་སེམས་སྐྱེས་ནས། ཀྲང་ཝེའུ་ལི་འཁོར་དང་བཅས་པ་ཆེད་དུ་ཁྲ་མོ་གླིང་ཤང་དུ་ཤྭ་བ་སེར་ཆེན་དང་བྱང་ཆུབ་ལྷ་མོ་ལ་ལྟ་རུ་ཡོང་།
བོད་ལྗོངས་ཤྭ་བ་སེར་ཆེན་ནི་ཤྭ་བ་སེར་ཆེན་རིགས་ཀྱི་གཅིག་ཡིན་ཞིང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན། བོད་ལྗོངས་སུ་ཤྭ་བ་སེར་ཆེན་ཁྱུ་ཚོགས་གཙོ་བོ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་དང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁོངས་སུ་ཡོད། སྤྱི་གྲངས8000ཟིན་པའི་ནང90%ཡན་གྱི་ཤྭ་བ་སེར་ཆེན་བོད་ལྗོངས་རི་བོ་ཆེ་རྒྱལ་ཁབ་རིམ་པའི་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་ནང་འཚོ་སྡོད་བྱས་ཡོད།
བོད་ལྗོངས་རི་བོ་ཆེ་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་ནི1993ལོར་བཙུགས་པ་དང་། 2005ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས། 1993ལོར་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་མ་ཐག་ཏུ་བྱང་ཆུབ་ལྷ་མོ་སྲུང་སྐྱོང་ཁུལ་གྱི་དོ་དམ་མི་སྣ་ཞིག་ཏུ་གྱུར་ཞིང་། ད་ལྟའི་བར་དུ་བྱང་ཆུབ་ལྷ་མོ་དང་ཤྭ་བ་སེར་ཆེན་བར་གྱི་བརྩེ་བ་དང་གཏམ་རྒྱུད་ལོ་ངོ51རིང་རྒྱུན་མཐུད་པ་རེད།
བུད་མེད་ཅིག་དང་ཤྭ་བ་སེར་ཆེན་སྐོར་ཞིག དེ་གཉིས་བར་དུ་བརྩེ་བ་གང་འདྲ་ཞིག་ཆགས་ཡོད་ཟེར་ན། དེ་ནི་ལོ་ངོ51སྔོན་ནས་བརྗོད་ཆོག་པ་རེད།
སྐབས་དེར་བྱང་ཆུབ་ལྷ་མོ་ནི་གསར་མོ་ཞིག་ཡིན་ལ། མཚན་མོ་ཞིག་ལ་མོ་ཚང་གི་སྒོ་ཁར་རྨས་སྐྱོན་བྱུང་བའི་ཤྭ་བ་སེར་ཆེན3ཡོང་བ་དང་། བྱང་ཆུབ་ལྷ་མོས་གནས་ཚུལ་དེ་མཐོང་རྗེས་ཐེ་ཚོམ་གང་ཡང་མེད་པར་སྲོག་ཆགས་དེ་དག་གི་རོགས་རམ་བྱས། རང་བྱུང་མ་གཤིས་རྐྱེན་གྱིས་བྱང་ཆུབ་ལྷ་མོས་ཤྭ་བ་སེར་ཆེན་དེ་དག་ལ་བདག་སྐྱོང་ཡག་པོ་བྱས་ནས་འོ་མ་བླུགས་པ་དང་། མཚན་མོ་སྲོག་ཆགས་དེ་དག་གྲང་བར་འདོད་ནས་དེ་དག་དང་མཉམ་དུ་ཉལ་བ། དེ་ནི་དངོས་གནས་མ་ཞིག་གིས་རང་གི་བུ་ལ་བདག་སྐྱོང་བྱེད་པ་དང་འདྲ། བསམ་ཡུལ་ནས་འདས་བ་ཞིག་ནི་མོས་སྲོག་ཆགས་དེ་དག་ལ་བདག་སྐྱོང་བྱས་ནས་ལོ་ངོ51འགོར་སོང་།
རི་བོ་ཆེ་ཤྭ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་ཐོན་དུས་ཀྲང་ཝེའུ་ལི་བྱང་ཆུབ་ལྷ་མོ་དང་འཕྲད་མ་ཐུབ་ལ། 2024ལོའི་ཟླ8པར་རྒན་པ་བྱང་ཆུབ་ལྷ་མོ་ཚེ་ལས་འདས་པ་རེད། ཡིན་ཡང་སྲུང་སྐྱོང་ཁུལ་དུ་ཀྲང་ཝེའུ་ལི་འཁོར་དང་བཅས་པ་བསུ་མཁན་ནི་མོའི་བུ་གཉིས་ཡིན། ད་ལོར་ལོ25ཡིན་པའི་པད་མ་ཚེ་རིང་ནི་བྱང་ཆུབ་ལྷ་མོའི་བུ་ཆུང་བོ་ཡིན་ལ། ད་ལྟ་ཁོས་རང་གི་ཕུ་བོ་དང་མཉམ་དུ་དོ་དམ་ས་ཚིགས་སུ་ལས་དོན་བསྒྲུབས་ནས་ལོ7འགོར་ཡོད། ཨ་མའི་བྱ་གཞག་རྒྱུན་འཛིན་བྱས་ནས་ཕུ་ནུ་གཉིས་ཀྱིས་དགུན་དུས་ཁ་ཟས་འཚོལ་དུ་རི་འདེབས་སུ་ཡོང་བའི་ཤྭ་བ་སེར་ཆེན་ལ་བདག་སྐྱོང་བྱེད་བཞིན་ཡོད།
ཉིན་རེར། པད་མ་ཚེ་རིང་སྔ་མོ་དོ་དམ་ས་ཚིགས་སུ་ཡོང་ནས་མཛོད་ཁང་སྒོ་འབྱེད་པ་དང་ཁུག་མའི་ནང་གཟན་ཆས་བཞག་སྟེ་ཤྭ་ར་ནང་ཁྱེར་བ་རེད། ཤྭ་བ་སེར་ཆེན་ཁྱུ་ཚོགས་ཀྱིས་དེ་མཐོང་ཚེ་ཕྱོགས་བཞི་ནས་ཡོང་ནས་གཟན་ཆས་ལ་སྒུག་པ་རེད།
“ང་ཚོ་ཆུང་དུས་ནས་ཤྭ་ར་ནང་ནར་སོན་པས། ང་ཚོའི་འཚོ་བ་ཡང་ཤྭ་བ་སེར་ཆེན་དང་གཞི་གཅིག་ཏུ་འདུས་ཡོད”ཅེས་པད་མ་ཚེ་རིང་གིས་དེ་ལྟར་བརྗོད། ཡང་ཁོས“ཤྭ་བ་སེར་ཆེན་དེ་དག་ངའི་ཁྱིམ་མི་ཡིན་པས་བདག་སྐྱོང་ཡག་པོ་བྱེད་བཞིན་ཡོད”ཟེར།
“ཆུང་དུས་ནས་ཨ་མས་སྲོག་ཆགས་དེ་དག་ལ་བདག་སྐྱོང་བྱེད་པ་མཐོང་བས་སྲོག་ཆགས་དེ་དག་དང་ཅི་ལྟར་འབྲེལ་བ་འཛུགས་པ་སྔ་མོ་ནས་སློབ་ཡོད། གནས་འདི་ནས་ངས་རང་གི་ལས་ཀ་རྙེད་པ་མ་ཟད་དགའ་སྤྲོ་ཡང་རྙེད་པ་ཡིན”ཞེས་རིན་ཆེན་ཚེ་འཕེལ་གྱིས་དེ་ལྟར་བརྗོད། ཡང་ཁོས“ད་ལྟ་ང་ཚོས་ཨ་མའི་འགན་ཁུར་ཕྲག་ཏུ་ཁུར་ཡོད་ལ། མོ་དང་འདྲ་བར་ཤྭ་བ་སེར་ཆེན་འདི་དག་ལ་བདག་སྐྱོང་ཡག་པོ་བྱས་ནས་ང་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་རྒྱུ་ཡིན”ཟེར།
བྱང་ཆུབ་ལྷ་མོའི་བུ་གཉིས་ཀྱི་སྣེ་ཁྲིད་འོག་ཀྲང་ཝེའུ་ལི་འཁོར་དང་བཅས་པས་ཕྱོགས་གཅིག་ནས་བྱང་ཆུབ་ལྷ་མོ་དང་ཤྭ་བ་སེར་ཆེན་གྱི་གཏམ་རྒྱུད་ལ་མཉན་པ་དང་། ཕྱོགས་གཅིག་ནས་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོང་ཁུལ་ལ་ལྟ་སྐོར་བྱས་ནས་ཤྭ་བ་སེར་ཆེན་གྱི་སྤྲོ་བ་མྱོང་ཚོར་བྱས། དེ་མིན་ཕུ་ནུ་གཉིས་ལ་མཚམས་འདྲིའི་མ་དངུལ་སྤྲད་པ་རེད།
གོ་ཐོས་ལྟར་ན། ཡུལ་སྐོར་པ་ཆེད་དུ་ཡོང་ནས་བྱང་ཆུབ་ལྷ་མོ་དང་ཤྭ་བ་སེར་ཆེན་གྱི་བརྩེ་བའི་གཏམ་རྒྱུད་ལ་རྒྱུས་ལོན་བྱས་པས། ཁྲ་མོ་གླིང་ཤང་གི་དངོས་སྡོད་རྫོང་རིམ་མགོ་ཁྲིད་དང་ཤང་ཏང་ཨུ་ཧྲུའུ་ཅི། ཤང་ཀྲང་བཅས་མྱུར་དུ་ཤྭ་བ་སེར་ཆེན་སྲུང་སྐྱོང་ཁུལ་དུ་ཐོན་ནས་ཀྲང་ཝེའུ་ལི་འཁོར་དང་བཅས་པར“མི་དང་ཤྭ་བ་སེར་ཆེན་བར་གྱི་བརྩེ་བའི་གཏམ་རྒྱུད”ཀྱིས་ཐེབས་པའི་ཤུགས་རྐྱེན་དང་། ཁྲ་མོ་གླིང་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ལས་དོན་གྱི་མིག་སྔའི་ཕན་ནུས་གསལ་བོར་བརྗོད།
“རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལེགས་པོར་བསྒྲུབས་པ་དང་། རྒྱལ་ཁབ་རིམ་པའི་ཤྭ་བ་སེར་ཆེན་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་ཤྭ་བ་སེར་ཆེན་མང་པོ། སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཡོད་པ་དངོས་གནས་དགའ་འོས་པ་ཞིག་རེད”ཅེས་ཀྲང་ཝེའི་ལི་ཡིས་སྤྲོ་སེམས་འཁོལ་བའི་ངང་དེ་ལྟར་བརྗོད།
ཡང་ཁྲ་མོ་གླིང་ཤང་གི་ཏང་ཨུ་ཧྲུའུ་ཅི་འཆི་མེད་རྡོ་རྗེ་ཡིས། མ་འོངས་པའི་ལས་དོན་ཁྲོད་ཁྲ་མོ་གླིང་གིས་རྒྱུན་མཐུད་ངང“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་དུ་བཏང་ནས། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གང་ལེགས་བསྒྲུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ནང་མདུན་དུ་བསྐྱོད་དེ་འགན་ཁུར་ཐུབ་པ་དང་ཁྲ་མོ་གླིང་གི་སྟོབས་ཤུགས་འདོན་རྒྱུ་ཡིན་ཟེར། །