ང་ཡི་ཡིག་འབྲུ་ནག་ཆུང་། ཉི་མས་བཞད་ཀྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྡོག་ཁྲེས་ཐ་སྙད་ཞེད་པོ་སེམས་ནས་བརྡོལ། །

བདེན་པའི་ཡིག་ཆུང་མི་འགྱུར་བྲག་ལ་བརྐོས། །

དོགས་སློང་ངག་གི་བརྗོད་པ་མགྲིན་པར་བརྣངས། །

དྭངས་མའི་གཉུག་གཤིས་ཤིག་ལ་རེ་སྣང་བཅོལ། །

ང་ཡི་འཆར་སྣང་ཡིག་འབྲུ་ནག་ཆུང་ལ། །

ཚོར་བའི་སྤྲིན་དང་སྣང་བའི་འོད་དཀར་འཁྱུག །

ཐོགས་མེད་སྟོང་དབྱིངས་ཁམས་ནས་འཕུར་སྐྱོད་བྱེད། །

སྲ་བརྟན་དབྱིག་འཛིན་སྟེང་ནས་འགྲེ་ལྡོག་བྱེད། །

ཆུ་མོའི་རྒྱུན་དང་གངས་ཀྱི་མདངས་སྟོན་པ། །

ང་དང་ཡིག་ཆུང་ནག་པོའི་གཤིས་སུ་གྲུབ། །

འགྱུར་བག་འཛུམ་དང་བསླུ་བྲིད་གཏམ་ཉུང་བ། །

ང་དང་ཡིག་ཆུང་ནག་པོའི་གཏན་ཚིགས་སོ། །

སད་རྟོགས་སྟ་རེ་མ་ཞིག་གུད་དུ་གཡུགས། །

རྫུན་གཏམ་ཤིང་གི་ཆ་མ་གཉིས་སུ་གས། །

སྨུག་ལོང་གང་སར་འཐིབ་པའི་རི་ལུང་ཁྲོད། །

འོད་ཟེར་ཀུན་ནས་འཕྲོ་བའི་མིག་ཅིག་མཁོ། །

འདུ་ཤེས་གསུམ་པ་འདྲ་བའི་རྣམ་ཤེས་འདི། །

དཀར་ནག་སོ་སོར་གཅོད་པའི་རྟོགས་པ་ཆུང་། །

ང་ཡི་ཡིག་འབྲུ་ནག་ཆུང་གཤོག་རུ་ཅན། །

བདེན་པའི་ནམ་མཁའ་གཅོད་པའི་དཔའ་ཞིག་དགོས། །

གེ་སར་སྒྲུང་དང་རཱ་ཎའི་རྟོགས་བརྗོད་འདྲའི། །

རོ་བཅུད་ཕུན་སུམ་ཚོགས་པའི་མྱོང་བ་དཀོན། །

རང་སེམས་རི་མོར་ཕབ་པའི་ཡིག་ཆུང་འདི། །

ཕྲན་ལ་མཚོན་ན་ཡེ་ཤེས་སྣང་བ་ཡིན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།