རྟ་ཕོ། སྟོབས་ལྡན་བཀྲ་ཤིས་ཀྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

འཁྱགས་གྲང་གི་རེ་ཁཱས་གཡག་རོག་གི་རྭ་ཅོར་སེར་ཁ་སྒོ་དུས།

ཁྱེད་ཀྱི་ཁ་རྔོག་རྒས་མ་སོང་།

གངས་རླུང་དང་འཚུབ་མས་སྒོ་ཁྱིའི་གཅོང་སྐད་ལ་ཟུག་གཟེར་སློང་དུས།

ལྷང་ལྷང་དུ་གྲགས་པའི་འཚེར་སྐད་ཁོ་ན།

གངས་རི་ཉིལ་བའི་ཁ་སྟབས་སུ་གཟས་པའི་རྔ་ཆེན་དེ་མ་ཡིན་ནམ།

རླུང་བུ་ཡི་གཤོག་པ་བརྐུས་ཏེ་ནམ་མཁའ་ལ་བློ་སྤོབས་གཡར་བ་ནས་བཟུང་།

ཉི་ཟླའི་ཡོབ་ཆེན་དྲག་ཏུ་བརྡུངས་པའི་གྱད་མི་སྐོར་ཞིག་གིས།

ཁྱེད་ཀྱི་འཕོངས་ནས་ཀི་རྒྱངས་བྱེད་ཅིང་སྤང་དང་ནམ་མཁའི་འཁོར་ལོ་བསྐོར།

ཇ་དང་རྟ་ལ་འབྲེལ་བའི་ལམ་ཕྲན་གྱ་གྱུ་ཞིག་གི་དྲན་པའི་མདོ་ཡང་།

སྒ་སྲབ་ཀྱི་གོང་ཁ་ནས་འཕྱུར་ཏེ་རྨིག་རྗེས་ཀྱི་ཁྲོན་པར་འཁྱིལ་དུས།

དྲག་ཏུ་ལྡིང་བའི་འཕར་རྩ་ལྟ་བུའི་གློག་དམར་ཡུག་གཅིག་པུ་དེ།

ཁྱེད་ཀྱི་ཆས་སུ་སྤྲས་པའི་ངའི་རྨི་ལམ་གྱི་གཤོག་པ་དེ་ཡིན་ན་སྙམ་ཨང་།

ངའི་སེམས་ན་འཚོ་བའི་ལྷ་རྟ་རྐྱང་རྒོད་ལགས།

ངའི་སེམས་པ་སྨོན་སའི་གྱི་ལིང་རླུང་གཤོག་ཅན།

ཉིན་བྱེད་ཀྱི་རྒྱལ་མཚན་བཏེགས་པའི་གངས་ཀྱི་ཁོང་གསེང་ན་ཁྱོད་ཀྱི་སྙིང་སྟོབས་ཡོད་དམ།

མཚར་སྡུག་གི་མངར་ཁ་སྦྲུམ་པའི་སྤྲིན་གྱི་བང་རིམ་ན་ཁྱེད་ཀྱི་མཛུམ་བག་མཆིས་སམ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།