སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།
མདང་གི་རྨི་ལམ་དེས་ཁོའི་ནང་སེམས་སུ་ནད་དུ་གྱུར་པའི་དོན་དེ་དག་སླར་ཡང་མིག་ཁར་ལན་གཅིག་དྲངས་པས། ཁོ་གཉིད་ལས་སད་ཀྱང་སྣང་བ་འཁྲུགས་འདུག་ལ་ཡིད་ཤིན་ཏུ་དུབ་པའི་སྣང་བ་བྱུང་།
གཉིད་ཀྱིས་ཡོངས་སུ་བཏང་མེད་པའི་ཁོས་མིག་ཟུང་བཙུམ་མ་ཕྱེའི་ངང་ཡར་དགྱེ་དགོས་དོན། གཅིན་ལྒང་སྦོས་ནས་མལ་ཐུལ་ནང་འཆོར་ལ་ཡོད་པའི་དབང་གིས་རེད། ཁོས་དབང་རྩ་གློད་ནས་གཅིན་པ་ཡོངས་སུ་བཏང་ཚར་རྗེས་ལུས་ལ་ལྷོད་ཤ་ཞིག་རྒྱས་མོད། སེམས་སྔར་བཞིན་ཕ་གིའི་རི་ཀླུང་ལ་འཐིབས་པའི་སྨུག་པ་ལང་ལོང་དེ་དང་འདྲ་བར་རབ་རིབ་ཅིག་གིས་ཡོངས་སུ་བཅིངས་འདུག
ཁོས་གཅིན་པ་བཏང་རྗེས་སློབ་གྲོགས་ཚོ་དང་མཉམ་དུ་ཁ་ལག་བཀྲུ་རུ་འགྲོ་མ་འདོད་པར་ཁ་མལ་ནས་ཧད་དེ་ཡུད་ཙམ་ལ་ལུས། ཁོ་ལ་ནངས་ཇ་འཐུང་རྒྱུའི་ཡི་ག་གཏན་ནས་མི་འདུག་ལ་སློབ་ཁྲིད་ལ་ཞུགས་པའི་སེམས་ཁམས་ནི་དེ་བས་ཀྱང་མི་འདུག ཁོས་ཐེངས་སྔོན་མ་དང་མི་འདྲ་བའི་སློབ་བཤོལ་བྱ་ཐབས་གཞན་ཞིག་ལ་བསམ་བློ་མི་གཏོང་རང་གཏོང་དུ་གྱུར། ཨ་མེས་ཕེབས་ཤུལ་དུ་ཁོ་ལ་ཡུལ་ཞེས་པའི་འགྲོ་ས་འཁྱིལ་ས་ཞིག་ཡེ་ནས་མེད་པར་གྱུར་པས། སློབ་བཤོལ་ཐེངས་ཤིག་བྱེད་འདོད་ཀྱང་འབྲོ་ས་སྐོང་ས་གང་ཡང་མེད། ཁོས་ཡར་མར་ལ་འདང་གང་མང་ཞིག་བརྒྱབ་མོད། ཐབས་བཀོད་འོས་འཚམ་ཞིག་མ་རྙེད་པས་ཅི་ཡིན་འདི་ཡིན་མེད་པར་གམ་གྱི་སློབ་གྲྭའི་ཨོང་སྤུངས་ཁོག་སྦུབས་ཅན་དེའི་ནང་དུ་འཛུལ།
ཁོའི་སྣ་ལམ་དུ་ལུད་དྲི་དང་རློན་དྲི་འདྲེས་མའི་དྲི་མ་མཚར་པོ་ཞིག་མཆེད་པའི་མོད་ལ། ལྕི་བས་བཟོས་པའི་ཕྱི་ཤུན་མཁྲེགས་པོ་དེ་གུར་དུ་ཕུབ་པ་ལྟར་འདུག་མོད། དེའི་ཁོག་གི་ཨོང་བ་བྲུས་ནས་ཕྱེད་ཙམ་ལ་སླེབས་འདུག་པས་ནང་ཧྲིལ་པོ་ནག་འཐོམ་མེར་འདུག་པ་མཐོང་། ཁོས་ཕྱར་བའི་སྒོ་ཡོལ་ཆུང་ཆུང་དེ་ཡར་བཀྱགས་ནས་དཀར་ཆ་ཞིག་རྒྱག་ཏུ་བཅུག་ཅིང་། ལུས་པོ་གནས་གང་ཞིག་ལ་བསྐུངས་ན་འོས་པར་ཞིབ་ལྟ་བྱས། ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པའི་ཨོང་ཁང་ཤར་མོ་དེའི་ཕྱེད་ཀ་ཨོང་བ་དང་ཕྱེད་ཀ་སྟོང་བ་ཡིན་པས། ཁོས་མུན་ཁུང་དེའི་ནང་ནས་གང་འདོད་ངང་རྐང་ལག་བརྐྱངས་ནས་ཉལ་ཆོག་པར་མ་ཟད། ཨོང་ལུད་སྐམ་པོའི“ས་གདན”མཐུག་པོ་ཞིག་དང་མུན་པ་ནག་པོའི“མལ་ཐུལ”ལུས་ཡོངས་ཁེབས་པ་ཞིག་ཀྱང་བདོག་པས་ཁོ་ལ་གཉིད་ཟ་མ་ཟི་ཞིག་ངང་གིས་བབས།
སྟོན་གཞུག་གི་ནམ་ཟླ་མཐོ་སྒང་གི་རི་ཀླུང་འདིའི་འཇིག་རྟེན་ཧྲིལ་པོར་ཁྱབ་ཅིང་། ཁ་ཆར་འདྲེས་མའི་འབབ་ཞོད་དེ་ངལ་གསོ་ཙམ་ཡང་མི་བྱེད་པར་བྲེལ་སྔངས་ཀྱིས་འབབ་ལ་རེངས། ཙག་རླུང་ཁུར་བའི་སྨུག་པ་དེའང་སྡོད་བཟོད་མེད་པར་རི་ལུང་ཀུན་ཏུ་བར་མེད་འཚང་བས། ཀློང་ཤོད་ཀྱི་སྒོ་མེད་ཐང་དུ་ཆགས་པའི་སློབ་ཆུང་ཡང་སྨུག་པ་སྟུག་པོ་ཞིག་གི་ཁུད་དུ་གཅུད་སོང་།
“བསྟན་པ་དར་རྒྱས།”
“བསྟན་དར།”
“བསྟན་ཁོ།”
རྒྱང་རིང་ནས་མཆེད་པའི་འབོད་སྐད་དེ། ཨོང་ཁང་སྦུག་གི་མུན་ནག་ཁྲོད་གཉིད་དུ་ཡུར་གྲབས་ཀྱི་ཁོའི་རྣ་ལམ་དུ་འཁོར་བྱུང་། ཁོ་མྱུར་དུ་ཡར་དགྱེ་ནས་མིག་ཡས་ཨོང་ཁང་གི་གས་སྲུབས་ཕྲན་བུ་དེར་གླན་ནས་ཕྱི་ལ་བལྟས་པར། བར་ཐག་ལ་གོམ་པ་ཉིས་བརྒྱ་ལྷག་ལས་མེད་པའི་ཨོང་སྤུངས་དང་སློབ་གྲྭའི་བར་ལ་སྨུག་པ་ལང་ལོང་ཞིག་འཐིབས་ཡོད་པས། ཁོས་ཅི་ཡང་མ་མཐོང་། ཡིན་ནའང་། ཁོས་སྨུག་ལོང་ཁྲོད་ནས་མཆེད་ཡོང་བའི་འབོད་སྐད་དེ་དགེ་རྒན་བསོད་ནམས་ཀྱི་སྐད་ཡིན་པ་ཤེས།
འབོད་སྐད་དེ་སྐབས་རེར་གསལ་ཞིང་། ལན་རེར་སྨུག་ལོང་གི་གཏིང་རིམ་ཞིག་ནས་བྲག་ཅ་ལྟ་བུ་རེ་མཆེད་ནས་རིམ་བཞིན་མི་ཐོས་པར་གྱུར་འགྲོ། ཁོས་དུབ་པར་གྱུར་པའི་མགོ་བོ་ཕྱིར་ལུད་རྫོང་ནང་ལ་ག་ལེར་བཞག
མགོ་བོ་ཨོང་ལུད་འཇམ་པོར་སྦྱར་བ་དང་མཉམ་དུ། རློན་དྲི་དང་ལུད་དྲི་འདྲེས་པའི་དྲི་མ་བན་བུན་དེ་ཡང་སྣ་ལམ་ནས་ཇེ་སྟུག་ཏུ་ཏོག་ཙམ་ཕྱིན་སོང་། དྲི་མ་དེ་ནི་ཁོས་ཨ་མའི་འོ་དྲེག་དང་ལྕི་འདམ་གྱིས་ཟིན་པའི་པང་ཁུག་ནས་སྣོམ་པའི་དྲི་མ་དེ་དང་འདྲ་བོ་འདུག ཨ་མས་ཁོའི་མགོ་བོ་བཙན་གྱིས་པང་དུ་མནན་ནས་རལ་བ་འཕྱིང་ཏོ་དེ་བསེད་ནས་ཤིག་གསོད་པའི་སྐབས་དག་ལ། ཁོའི་སྣ་ལམ་དུ་མཆེད་འོང་བའི་ལྕི་དྲིའམ་འོ་དྲི། ལུད་དྲི་གང་ཡིན་དབྱེ་འབྱེད་དཀའ་ལ། ཡང་ན་དེ་ཐམས་ཅད་གཅིག་ཏུ་འདྲེས་པའི་དྲི་མ་ཁ་པོ་དེ་དང་ཡོངས་སུ་འདྲ་བོ་འདུག
ལོ་རེ་འགའི་གོང་ལ། ཁོ་རང་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་ཐེངས་རེར། ཨ་མའི་ལས་ཀ་གཙོ་བོ་ཞིག་ནི་ཨ་མེས་དང་ཁོ་གཉིས་ཀྱི་རལ་འཕྱིང་ཤད་རྒྱུ་དེ་ཡིན་ལ། དེ་དུས་ཁོ་ཆེས་སུན་སའང་ཨ་མས་ཡུལ་དུས་ངེས་མེད་དུ་བསམ་དབང་དྲན་དབང་མེད་པར་ཁོ་བཟུང་སྟེ། མགོ་བོ་མོའི་པང་ལ་མནན་ནས་རལ་བ་བཤིག་མགོ་བརྩམས་འགྲོ་བ་དེ་རེད། ཁོས་མི་འདོད་བཞིན་དུ་ཨ་མས་དུས་བཞི་དབྱེར་མེད་ལ་གྱོན་པའི་ཟི་ཚར་འོ་དྲེག་ཅན་དེའི་སྟེང་ལ་མགོ་བོ་བསྙེས་ནས། ཟངས་ཀྱི་བཞོ་ལུང་ཟད་པོས་བརྡར་ནས་རལ་བར་གྱུར་པའི་ཧ་སག་གཡོགས་ཀྱི་བུ་ག་དག་ལ་མིག་གཡེང་ནས་ཚ་རེག་སྲོན་དགོས། མི་འདོད་བཞིན་དུ་སྣ་ཁུང་ཨ་མའི་སྐ་རགས་བསྡམས་མཚམས་ཀྱི་པང་ཁུག་ལ་སྦྱར་ནས། འོ་དྲི་འདམ་དྲི་ལྕི་དྲི་ཚི་དྲི་སོགས་རིས་མེད་དུ་ཐུལ་ཡོང་བའི་དྲི་མ་དེར་སྣོམ་བཞིན། ད་ནི་ནམ་ཞིག་རལ་བ་འདི་རྩད་ནས་གཅོད་དགོས་སྙམ་པའི་སྟོང་བསམ་གྱི་ངང་ནས་བསྒུག་དགོས།
ཁོས་ལག་པ་ཡར་བཀྱགས་ནས་ལྟག་མགོའི་རལ་བའི་ཤུལ་དུ་རེག་རེག་ཅིག་བྱས།
ཁོའི་རལ་བ་འབྲེག་མིན་གྱི་ཐད་ནས་ཨ་མེས་དང་ཨ་མ་གཉིས་ལ་ཁ་རྩོད་བྱུང་མྱོང་།
“ང་མེད་དུས། ཁྱོད་གཉིས་ཀྱིས་རལ་འཕྱང་ཤད་ཐུབ་པ་མ་རེད། ཡང་གཅིག་བཤད་ན། ད་ནི་ཁོ་ཡང་ལག་ཆགས་ཟིན་པས། སློབ་གྲྭ་ནས་རལ་བ་ཞིག་བཞག་ན་སྟབས་ཀྱང་མི་བདེ།”
“དེར་ཅི་སྐྱོན། ངས་མིག་གིས་མི་མཐོང་ཡང་། མི་ཚེ་གང་བོར་རང་གི་རལ་བ་རང་གིས་ཤད་ནས་ཡོང་བས། ཁོའི་རལ་ལི་དེ་ཙམ་ལ་བདག་བྱ་མི་ཐུབ་པ་གང་ཡང་མེད།”
“ཡིན་ཡང་། ད་སྐབས་སློབ་གྲྭར་འགྲོ་དུས་རལ་བ་བཞག་ནས་འགྲོ་མཁན་གཅིག་ཀྱང་ཡོད་པ་མ་རེད་ཡ། ཨ་ཕ།”
“ཁྱོད་ཁ་རོག་གེར་སྡོད། ངའི་ཞི་ལུ་ལག་ཆགས་ན་དཔོན་བཅའ་དགོས།”
ཡིན་ཡང་། ཨ་མ་གནས་ལ་འགྲོ་ཁར། མོས་ཨ་མེས་ལ་གསང་སྟབས་ཀྱིས་ཁོའི་རལ་བ་བྲེགས་སོང་། རལ་རྒྱན་སྟེང་གི་བྱུར་རྡོག་གཉིས་དང་གཡུ་རྡོག་གསུམ། ད་དུང་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བར་བཤད་པའི་འགྲོན་བུ་གཅིག་པུ་བཅས་མོ་རང་གི་སྐེ་རྒྱན་སྟབས་བདེ་དེའི་བར་ལ་བརྒྱུས།
“ནམ་ཞིག ངའི་བུས་མནའ་མ་ལེན་དུས་ཨ་མས་སྐེ་རྒྱན་འདི་འདི་ལྟར་མནའ་མར་སྟེར་ཨ།”
རལ་བ་བྲེགས་རྗེས། རལ་བ་འཕྱིང་ཏོ་དེ་ནམ་ཞིག་ལ་འབྲེག་པར་རེ་སྒུག་བྱས་མྱོང་བའི་ཁོར་དགའ་སྤྲོ་སྐྱེ་རྒྱུ་མེད་སོང་། ལྡོག་སྟེ། ཁོའི་སེམས་པ་སྟོང་ལྷང་ངེ་བར་གྱུར་སོང་། དེ་ནི་རལ་བ་བྲེགས་པ་དང་མཉམ་དུ་ཨ་མ་ཡང་ཐག་རིང་གནས་ཡུལ་ཟེར་བ་དེར་ཆས་སོང་བས་ཡིན་ནམ། ཨ་མེས་བཞུགས་དུས་ཁོའི་ལྟག་པར་བྱིལ་བྱིལ་བྱེད་ཐེངས་རེ་ལ། ཁོང་གི་འཇིག་རྟེན་མི་མཐོང་བའི་མིག་ཀོང་ལས་ཆུ་བུར་ཞིག་ཁ་རོག་གེར་བརྡོལ་ཡོང་བ་མཐོང་མྱོང་བས་ཡིན་པ་ཆ་མི་འཚལ་མོད། རལ་བ་ཁོའི་ལུས་དང་བྲལ་བ་ནས་བཟུང་། ཁོའི་ནང་སེམས་སྐབས་རེར་ལྗིད་ཏིག་གེར་འདུག་ལ། ལན་རེར་སྟོང་སངས་སེར་འགྲོ་ཞིང་། ནམ་རྒྱུན་གཅོང་ལྷང་ངེ་བ་ཞིག་ཏུ་གྱུར་སོང་།
ཁོའི་སྣང་བ་ཞིག་ལ། རལ་བ་བྲེགས་པ་ནི་ཁོའི་འཇིག་རྟེན་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བའི་སྔ་ལྟས་ལྟ་བུར་གྱུར་སོང་། དེ་བས། སློབ་གྲྭ་ནས་དགེ་རྒན་བསོད་ནམས་ཀྱིས་སློབ་མ་ཚོའི་སྐྲ་ལོ་འབྲེག་ཐེངས་རེ་ལ། ཁོས་དགེ་རྒན་ལ་རེ་བ་ཡང་ཡང་ཞུས་ནས་རལ་བ་རིང་པོ་ཞིག་ཡང་བསྐྱར་བསྐྱུར་མྱོང་། ཡིན་ནའང་། ཡར་སྔོན་ཁོས་རལ་བ་བྲེགས་པ་དང་མཉམ་དུ་རིམ་གྱིས་ཁོ་དང་ཁ་གྱེས་སོང་བའི་ཨ་མ་དང་ཨ་མེས་སོགས། ད་ཆ་ཁོས་རལ་བ་འཕྱིང་ཏོ་ཞིག་ཡང་བསྐྱར་མགོར་བཞག་པ་དང་ལྷན་དུ་ཕྱིར་སླེབས་མི་ཡོང་བས། ཕྱིས་སུ་ཁོའི་རལ་བ་དེ་འཇོག་འདོད་དུས་བཞག་ཆོག་ལ། འབྲེག་འདོད་དུས་བྲེགས་ཆོག་པ་ཞིག་ཏུ་གྱུར། ཁོས་དེ་ལྟར་རལ་བ་འབྲེག་ཐེངས་རེ་རེར་དྲན་གདུང་གི་ཞེན་ཐག་ཅིག་གཅོད་པའི་ཉམས་སྣང་གིས་བྲེགས་པ་ཡིན་མོད། རལ་བར་རེག་རེག་བྱེད་ཐེངས་རེར། ཨ་མ་མིག་ལ་ཤར་ཡོང་བ་དང་། ཨ་མའི་པང་གི་ལུད་དྲི་དང་འོ་དྲི་སྣ་ལམ་ལ་མཆེད་ཡོང་བ་སྔར་ལས་ཇེ་གསལ་དུ་འགྲོ་བ་ལས། ཨ་མས་གསིག་འཐེན་བྱས་ནས་རལ་བ་བསེད་པ་ལས་བསྐྱེད་པའི་ཚ་བེར་བེར་གྱི་སྣང་བ་དང་། དེས་བསྐྱེད་པའི“སུན་སྣང”གི་ཚོར་བ་དག་ནི་གཅོད་ཐབས་མེད་པ་ཞིག་ཏུ་གྱུར། དེར་མ་ཟད། མཚམས་རེར་ཚ་བེར་བེར་གྱི་སྣང་བ་དེ་སེམས་ཀྱི་ག་ཤེད་ཅིག་ནས་ཐད་ཀར་སྣ་ནང་ལ་རྒྱུག་པར་བྱེད་ལ། དེ་ནས་མིག་ལ་འཁྱིལ་ནས་གཤེར་གཟུགས་ཀྱི་རྣམ་པས་ཕྱི་རུ་ལྡང་འགྲོ།
ཁོས་ལྟག་པར་རེག་རེག་བྱེད་པའི་ལག་པ་ཕྱིར་བསྐུམས་ནས། མིག་ཀོང་ལས་འཛུམ་ཞིང་མཁུར་མགོ་རུ་འགྲིལ་བའི་ཆུ་ཐིགས་དག་འབྱིད་ཙམ་བྱས།
སྟོན་རླུང་ཤུར་ཤུར་ལྡང་བའི་མཐོ་སྒང་གི་རི་ལུང་ཐམས་ཅད་སྨུག་པ་འཁྱག་པོ་ཞིག་གིས་ཡོངས་སུ་གཡོགས་ཤིང་། “སྒོ་མེད་ཐང་སློབ་ཆུང”དུ་འབོད་པའི་ཁང་ཤར་དེའི་གཡས་གཡོན་མདུན་རྒྱབ་ན་སྐྱེས་པའི་རྩི་མགོ་དག་ཀྱང་བད་ཀྱིས་བསྡམས་ནས་ཐུར་དུ་དུད་དེ་འདུག ཙག་རླུང་རྒོད་པོ་ཞིག་ཨོང་ཁང་གི་སྒོ་ཕྱར་བར་དང་སྐམ་མཁྲེགས་སུ་གྱུར་པའི་ལྕི་ཤུན་གྱི་ཧྲག་བར་དག་ནས་འཚང་ཡོང་བས། ཁོས་ལུས་པོ་ཡང་ཡང་ཀུམ་ཀུམ་བྱེད་དགོས་བྱུང་། ལུས་པོ་ཀུམ་ཀུམ་ཇི་ལྟར་བྱས་ཀྱང་། གར་ཡོང་མི་ཤེས་པའི་གྲང་ཤུར་ཤུར་གྱི་ཚོར་བ་དེ་འགོག་མི་ཐུབ་པས། ད་ནི་ཁོའི་གཉིད་ཟ་ཟི་དེའང་རྩ་བ་ནས་གར་སོང་ཆ་མེད་དུ་གྱུར། ཅི་བྱེད་འདི་བྱེད་མེད་པར་ཀུམ་ནས་སྡོད་པའི་ཁོས་མགོ་བོ་དགྱེ་སྟེ་ཨོང་ཁང་གི་གས་སྲུབས་ཕྲན་བུ་དེ་ནས་ཕྱི་རུ་བལྟས། ད་ཐེངས་ཕྱི་རོལ་དུ་འཐིབས་པའི་སྨུག་པ་སྟུག་པོ་དེས་འདབ་ཀ་ཡར་ལ་ཅུང་ཙམ་བཀྱགས་ཡོད་པས། ཁ་གཏད་ཀྱི་སློབ་ཁང་ཉལ་ཁང་ཟ་ཁང་སོགས་གཞི་གཅིག་ཏུ་སྦྲེལ་བའི་སློབ་གྲྭའི་ཁང་ཤར་དེའང་གསལ་པོར་མཐོང་ཐུབ། རྣ་བ་སྲུབས་ཀ་ཕྲ་མོར་སྦྱར་ནས་མཉན་ན། སློབ་ཁང་ལས་མཆེད་ཡོང་བའི་སློབ་གྲོགས་ཚོའི་སྐྱོར་འདོན་གྱི་སྒྲ་ཡང་གསལ་ལ་མི་གསལ་བ་ཞིག་རླུང་གི་ཤུ་སྒྲ་དང་ལྷན་དུ་ཅུང་ཟད་ཐོས་ཐུབ།
ད་ནི་དུས་ཚོད་ཀྱང་ཕལ་ཆེར་ཉིན་གུང་ལ་སླེབས་གྲབས་འདུག ཁོས་ཡང་བསྐྱར་མིག་ཡས་སྲུབས་ཀ་ཕྲན་བུ་དེར་སྦྱར་ནས་བལྟས་པར། དགེ་རྒན་བསོད་ནམས་ཀྱིས་ཁང་ཤར་གྱི་གཡས་སྣེའི་མཛོད་ཁང(དོན་ལ་ལྷོག་ཁང་ཆུང་ཆུང་ཞིག་ཡིན།)ནས་འཕྲུལ་རྟ་སྒོར་ལེན་བཞིན་མཆི། ཨ་ནེ་ཇ་མས་གཞུང་ལས་ཁང(དོན་ལ་དགེ་རྒན་བསོད་ནམས་དང་ཨ་ནེ་ཇ་མ་གཉིས་ཀྱི་ཁྱིམ་ཡིན།)ནས་བར་འཚང་ཅན་གྱི་དམག་ལྭ་ལྗང་ནག་རིང་ལ་མཐུག་པ་དེ་དགེ་རྒན་བསོད་ནམས་ལ་སྤྲད་སོང་། དགེ་རྒན་བསོད་ནམས་མྱུར་ཏུ་འཕྲུལ་རྟར་ཞོན་ནས“ཏིར་ཏིར”གྱི་སྒྲ་དྲག་པོ་ཞིག་དང་ལྷན་དུ་གཡས་ལུང་ཉག་ཁར་འཐེན་པའི་ལམ་དེར་ཞུགས་སོང་།
“ད་མ་འགྲིག་ཐལ།” ཁོའི་སེམས་ལ་ད་ཡང་དོན་དག་ངན་པ་ཞིག་འབྱུང་རྒྱུའི་ལྟས་ཤིག་ཤར།
ཉག་ག་དེ་ནས་ཕར་ལ་འཐེན་པའི་ལམ་དེ་ནི་ཁོའི་ཨ་མ་གནས་ལ་སོང་སའི“ཡུལ”དང་སྦྲེལ་ཡོད། ཐེངས་སྔོན་མར་ཁོ་སློབ་བཤོལ་དུ་དེ་གར་བྲོས་དུས་ལམ་དེ་བརྒྱུད་པ་ཡིན། གནས་དེ་གར་ཁོས་མཐོང་མི་འདོད་པ་དང་དྲན་མི་འདོད་པའི་དོན་དག་མང་པོ་ཞིག་བྱུང་བ་དག་ཁོ་ཕྱིར་སློབ་གྲྭར་ཡོང་ནས་དགེ་རྒན་བསོད་ནམས་ལ་ཆ་ཚང་བཤད་མེད། ཐ་ན“རྗེས་ཕྱོགས་ཁྱོད་ས་འདི་ལ་བཏུད་ས་མེད། ཁྱོད་ཡོང་རྒྱུ་ཞིག་ཡོད་དུས། ངས་ཁྱི་མོ་ཁྱོད“མིང་སྲིང”གཉིས་ཀ་གྱེན་ལ་ཝ་རོ་འདྲུད་འདྲུད་དང་། ཐུར་ལ་ཁྱི་རོ་འདྲུད་འདྲུད་ཅིག་མ་བྱས་ན་ལྟོས་ལ་སྡོད།”ཅེས་ཁོ་ཉིན་དང་པོར་དེ་གར་འབྱོར་མ་ཐག ཨ་མས“ཨ་ཁུ་ཞེས་བོས”ཞེས་མཛུབ་མོས་བསྟན་པའི་སྐྱེས་པ་དེས་ཐ་ཚིག་དེ་ལྟར་བསྒྲགས་པའང་དགེ་རྒན་བསོད་ནམས་ལ་བཤད་མེད། དེ་ནི་ཁོས་སུ་དང་གང་ལ་ཡང་བཤད་སྙིང་མ་འདོད་པར་ཁོག་ལ་བཅུག་ནས་ནད་དུ་གྱུར་ཡོད་པའི་གསང་བ་ཉག་ཅིག་ཀྱང་ཡིན།
“དགེ་རྒན་བསོད་ནམས་ཀྱིས་ང་དེ་གར་འགྲོ་མི་སྲིད་པ་གཏན་ནས་ཤེས་མེད།”
དགེ་རྒན་བསོད་ནམས་དེ་གར་སོང་དུས་ཨ་མས་ང་བོར་བ་ཤེས་ངེས། ཤེས་དུས་མོ་སེམས་འཚབ་ནས་ང་འཚོལ་དུ་ཆས་ངེས། མོ་ང་འཚོལ་དུ་སོང་ན་ཁོ་ཚང་གི་ཕྱུགས་ཟོག་རི་ནས་ལུས་ངེས། ཕྱུགས་ཟོག་ཅིག་ལ་དོན་དག་བྱུང་དུས་མོ་ཚར་སོང་བ་རེད། ཁོའི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། མིག་ལམ་དུ་རང་དབང་མེད་པར་ཐེངས་སྔོན་མར་སྐྱེས་པ་དེས་ཨ་མའི་སྐྲ་ནས་བཟུང་སྟེ་ས་ལ་སྒྱེལ་བར་བྱེད་ཅིང་། ཡར་འདྲུད་མར་འདྲུད་བྱེད་པའི་རྣམ་པ་དག་ཤར། གློ་བུར་དུ་ཁོ་ལ་དངངས་སྐྲག་ཚད་མེད་ཅིག་སྐྱེས།
ཡིན་ཡང་། ཁོས་མུ་མཐུད་དུ་སྟོང་འདང་དང་ཚོད་དཔག་སྣ་ཚོགས་བྱེད་པར་མཚམས་འཇོག་བྱེད་མ་ཐུབ།
དགེ་རྒན་བསོད་ནམས་ཀྱིས་སྒོ་མེད་ཐང་ནས་གཡས་ལུང་ཉག་ག་བརྒལ། དེ་ནས་སྤྱང་ལུང་རིང་མོ་གཏུབས་ནས་རྫ་དམར་ལུང་བ་འཕྲེད་ཀྱིས་བཅད་ན། གཞི་ནས་ཐེངས་སྔོན་མར་ཁོ་སོང་མྱོང་སའི་ཨ་མའི་གནས་ཡུལ་དུ་འབྱོར་ངེས། ཁོས་ཁོ་ཐེངས་སྔོན་མར་གནས་དེ་གར་འབྱོར་དུས་མཐོང་བའི་རྣམ་པ་དག་ད་ལྟ་དགེ་རྒན་བསོད་ནམས་ཀྱིས་མཐོང་གིན་ཡོད་ངེས་པར་རིག་འདེད་བྱས། རྫ་དམར་ལུང་མདོ་ནས་རྐང་ལམ་ཕྲ་མོ་དེ་དེད་ནས་གདོང་རྒྱུད་གཟར་མོ་དེར་འགོས་ན། ཕ་གིའི་ན་ལུང་དོག་མོ་དེར་ལྕགས་ལེབ་སྔོན་པོས་ཕུབ་པའི་ཁང་མིག་ཆུང་ངུ་ཞིག་མཐོང་ཐུབ། དེ་ནི་ཁོ་ས་དེ་གར་འབྱོར་མ་ཐག་ཨ་མས་ཁོ་ལ“འདི་ནི་ངའི་ཡུལ་ཡིན”ཞེས་བཤད་པའི་ཨ་མའི་གནས་ཡུལ་ཞེས་པ་དེ་ཡིན། དགེ་རྒན་བསོད་ནམས་ཀྱིས་ཨ་མས་ན་ཁུག་ན་ཕྱུགས་ཟོག་འཚོས་ནས་ཡོད་པ་མཐོང་ངེས། ཡང་ན་ལྷས་འདབས་སུ་ལྕི་བ་སྒྲུག་གིན་པ་མཐོང་ངེས། ཡང་ན་ཆུ་ལམ་དུ་ཟོ་བ་ཁུར་ནས་འགྲོ་བཞིན་པ་མཐོང་ངེས། དགེ་རྒན་ཐད་ཀར་མོའི་གམ་ལ་འགྲོ་ངེས། མོའི་རྙིང་ཧྲུལ་དུ་གྱུར་པའི་སྤུ་ཚར་སྟེང་གི་ལྷན་པ་དག་མཐོང་ངེས། མོའི་ནག་སྐམ་དུ་གྱུར་པའི་ངོ་གདོང་གི་རྨ་ཤུལ་དག་ཀྱང་མཐོང་ངེས······
“ཁྱོད་བདེ་མོ། བསྟན་པ་དར་རྒྱས་ཡུལ་ལ་ཨེ་ཡོང་ཐལ།”
“མ་ཡོང་ཐལ། ཁོ་ལ་འདི་གར་ཡུལ་ཞིག་མེད།”
“ཁོ་ད་ནངས་ནམ་ལངས་དུས་མཐོང་རྒྱུ་མི་འདུག ཉེ་འཁོར་ཐམས་ཅད་ལ་བཙལ་ཡང་མ་རྙེད། ཁོ་འདི་གར་མ་ཡོང་ན་གང་ལ་བུད་སོང་ངམ། སློབ་མ་ཚོས་བཤད་ན་ཁོས་རྒྱུན་དུ་ཨ་མ་དྲན་གྱིན་འདུག་ཟེར། ཁོ་ཨ་མའི་སར་མི་ཡོང་བར་གང་ལ་འགྲོ་སྲིད་དམ།”
“ང་ཁོའི་ཨ་མ་མིན།”
ཁོའི་སེམས་སུ་ཨ་མས་ཐེངས་སྔོན་མར་ཁོ་དེ་ག་ནས་ཁ་འབྲལ་ཁར་སྐྱེས་པ་དེའི་གམ་ནས་རྫུན་གཏམ་བཤད་དེ། ཕྱིན་ཆད་ངེད་གཉིས་ལ་འབྲེལ་བ་མེད་པར་ཁས་ལེན་བྱས་པ་ཇི་བཞིན། དགེ་རྒན་བསོད་ནམས་ལ་ལན་འདི་ལྟར་འདེབས་ངེས་པར་ཚོད་དཔག་བྱས།
“ང་ཁོའི་ཨ་མ་མིན།”
“ང་ཁོའི་ཨ་མ་མིན།”
སྐད་ཆ་འདི་ནི་ཐེངས་སྔོན་མར་ཨ་མའི་ངག་ནས་འདར་འདར་དུ་ཕྱུང་བ་ཁོའི་རྣ་ལམ་དུ་ཆལ་ཆིལ་ངང་མཆེད་པ་ནང་བཞིན། དབྱིངས་རིམ་གང་ཞིག་ནས་སྟོང་སྐད་དང་བྲག་ཅ་མཆེད་པ་བཞིན་ཁོའི་རྣ་ལམ་ལ་ཡང་བསྐྱར་ཐེངས་འགར་གྲག་འོང་། ཁོས་རྣ་བ་ལག་པས་བཀབ་ཅིང་མིག་ཟུང་ཤུགས་ཀྱིས་བཙུམ་ཏེ་མགོ་བོ་ལྕི་བ་སྐམ་པོས་གྲུབ་པའི་གྱང་ངོས་སུ་བསྲན་ཚུགས་ཀྱིས་གླན་ནས་བསྡད་ནའང་། སྐད་གདངས་དེ་རྣ་བར་མཆེད་ཡོང་བའི་འཕྲུལ་སྣང་ལ་འཇགས་པ་མ་བྱུང་བས། ཁོས་བརྣངས་པར་གྱུར་པའི་མགྲིན་པ་ཡར་ལ་བཏེགས་ཤིང་ཁ་ནས།
“ཨ་མ། ཨ་མ།”ཞེས་ངུ་ཤུམ་བྱས།
ཁོ་དེ་ལྟར་ངུས་ངུས་རྗེས། ཡ་ཁོག་ན་ནད་དུ་གྱུར་དང་འགྱུར་ཉེན་ལ་སྦོས་ནས་ཡོད་པའི་མི་བདེ་བ་དག་ཇེ་ལྷོད་དུ་ཕྱིན་སོང་བའི་སྣང་བ་ཅུང་ཙམ་བྱུང་། ཁོས་ཡུན་གྱིས་མགོ་བོ་ཡར་ལ་དགྱེ་ནས་ལྕི་སྐོགས་ཀྱི་གས་སྲུབས་ཆུང་ངུ་དེ་ལས་ཕྱི་ལ་བལྟས། སློབ་གྲྭའི་སྒོ་ཕྱི་རུ་སློབ་གྲོགས་གཅིག་ཀྱང་མཐོང་རྒྱུ་མི་འདུག སྤྱིར་ཡིན་ན་ད་ནི་དྲོས་ཇ་འཐུང་བའི་དུས་ཚོད་ཡིན་པས། སློབ་གྲོགས་ཚོ་ཟ་ཁང་སྒོ་ཁ་རུ་གྲལ་བསྒྲིགས་ནས་ཟ་མ་ཟ་བཞིན་ཡོད་པ་གདོན་མི་ཟ། ཡིན་ཡང་དེ་རིང་ནམ་ཟླ་ཤིན་ཏུ་འཁྱག་པས། ཁོ་ཚོས་ཟ་ཁང་ནང་གི་སྒྱིད་པུའི་མཐའ་བསྐོར་ནས་ཟ་མ་ཟ་བཞིན་ཡོད་ངེས།
ཁོའི་ལྟོ་བའི་ནང་ནས་ཁོག་ཁོག་གི་སྒྲ་ཞིག་བར་མེད་དུ་གྲག ཁོའི་ཡིད་ལ་ཐེངས་སྔོན་མ་ཁོ་གནས་དེར་ཁ་འབྲལ་ཁར། ཨ་མས་སྐྱེས་པ་དེར་གསང་སྟབས་ཀྱིས་ཁོའི་དཔེ་ཁུག་ཏུ་བསྡུས་པའི་ཀ་ར་དེ་གཉིས་དྲན། ཡར་སྔོན་ཐེངས་འགར་ཟ་རྩིས་བྱས་ཀྱང་ཟ་མ་ཕོད་པར་ཕྱིར་ཁུག་མར་བཅུག་པ་ལ་འགྱོད་པ་སྐྱེས། ཁོས་ཀ་ར་དེ་གཉིས་སློབ་གྲོགས་ཤིག་གིས་བརྐུས་ཨེ་འགྲོ་སྙམ་ནས་སེམས་ཁུར་བྱས། ཁོས་མཆིལ་མ་ཡང་ཡང་མིད་ཀྱིན་མུ་མཐུད་དུ་སློབ་གྲྭའི་ཕྱོགས་ལ་ཅེར་ནས་བསྡད། སློབ་གྲོགས་ཚོས་ཟ་མ་ཟོས་ཚར་ནས་གཅིག་རྗེས་གཉིས་མཐུད་ངང་ཟ་ཁང་གི་སྒོར་ཐོན། ཁོ་ཚོ་ལ་ལ་ཚུར་ཨོང་སྤུངས་ཀྱི་ཉེ་གམ་དུ་ཡོང་ནས་གཅིན་པ་རེ་བཏང་ནས་ཕྱིར་ལོག་འགྲོ། ཁོ་ཚོ་སུ་ཞིག་ཚུར་ཨོང་ཁང་གི་ཕྱོགས་སུ་གཟས་ནས་ཡོང་དུས། ཁོས་མུ་མཐུད་དུ་སྲུབས་ཀ་ནས་ཁོ་ཚོར་བལྟས་ནས་འདུག་མི་ཐུབ་པར་དབང་མེད་ངང་ལུས་པོ་ཟུར་གཞོགས་སུ་ནུར་ནས་གཞའ་སྟབས་ཀྱིས་སྡོད་དགོས་བྱུང་། སློབ་གྲོགས་ཚོའི་གྲག་འགུལ་ཁོ་དང་བར་ཐག་ཇེ་རིང་ལ་སོང་བ་ན་ཡང་བསྐྱར་མིག་ཡས་སྲུབས་ཀར་སྦྱར་ནས་ཁོ་ཚོར་ལྟ་བཞིན་ཡོད། ཕྱི་རོལ་ཏུ་ཙག་རླུང་ཤུར་ཤུར་ལྡང་བས་ཁོ་ཚོས་གཅིན་པ་བཏང་རྗེས་སྐེ་ཁུང་ལ་དྲངས་ནས་གང་མགྱོགས་ངང་ཕྱིར་སློབ་ཁང་ལ་མི་འགྲོ་བར་ཐད་ཀར་ཉལ་ཁང་ལ་ལོག་འགྲོ།
“དེ་རིང་ཕྱི་དྲོར་སློབ་ཁྲིད་བྱེད་ཀྱིན་མེད་དམ།”
འོ། དགེ་རྒན་བསོད་ནམས་མེད་ན་ཨ་ནེ་ཇ་མས་སློབ་ཁྲིད་བྱེད་ཤེས་པ་མ་རེད། དགེ་རྒན་བསོད་ནམས་ཡོད་པའི་དབང་དུ་བཏང་ནའང་། དེ་རིང་ནམ་ཟླ་འདི་འདྲ་འཁྱག་པས་ཨ་ནེ་ཇ་མས་ནམ་རྒྱུན་ལྟར“ཨོང་བ་ཚར་ལ་ཉེ་བས། ཚང་མ་མལ་ཁང་དུ་ཉལ་བར་སོང”ཞེས་ང་ཚོ་ཚང་མ་ཕྱི་རུ་འདེད་ངེས། དེ་ནས་དགེ་རྒན་བསོད་ནམས་དང་ཁོ་གཉིས་ཀྱང་ཁང་ཤར་གྱི་གཡོན་སྣེའི“གཞུང་ལས་ཁང”དུ་ཆས་ངེས།
ཁོས་ཨ་ནེ་ཇ་མ་གཅིག་པུ“གཞུང་ལས་ཁང”གི་ཕྱོགས་སུ་འགྲོ་བ་མཐོང་། དགེ་རྒན་བསོད་ནམས་གང་ལ་བུད་སོང་ངམ། བདེན་ཏེ། དགེ་རྒན་བསོད་ནམས་གཡས་ལུང་ཉག་ག་བརྒྱུད་ནས་ཨ་མའི་ཕྱོགས་སུ་བུད་སོང་བ་མ་ཡིན་ནམ། ཨ་མ། ཁོ་ངའི་ཨ་མར་འཕྲད་ཡོད་དམ། ཡང་ན། དགེ་རྒན་བསོད་ནམས་ལས་མ་བཟང་བར་སྐྱེས་པ་དེར་འཕྲད་མ་སོང་ངམ། དགེ་རྒན་གྱིས་ན་གཞུང་དོག་མོ་དེར་ཕྱུགས་ཟོག་འཚོ་བཞིན་པའམ་འཕྲང་ལམ་དོག་མོ་དེར་ཆུ་ཟོ་ཁུར་ནས་འགྲོ་བའི་ཨ་མར་མཉམ་འཇོག་མ་བྱས་པར་ཐད་ཀར་ཁང་ལེབ་ཆུང་ཆུང་དེ་གཟས་ནས་བུད་སོང་ན།
“ཁྱོད་བདེ་མོ། བསྟན་པ་དར་རྒྱས་ཡུལ་ལ་ཨེ་ཡོང་ཐལ།”
“ཁོ་ལ་འདི་གར་ཡུལ་ཞིག་མེད། མ་ཡོང་ཐལ།”
“ཁོ་ད་ནངས་ནམ་ལངས་དུས་མཐོང་རྒྱུ་མི་འདུག ཉེ་འཁོར་ཐམས་ཅད་ལ་བཙལ་ཡང་མ་རྙེད། ཁོ་འདི་གར་མ་ཡོང་ན་གང་ལ་བུད་སོང་ངམ། སློབ་མ་ཚོས་བཤད་ན་ཁོས་རྒྱུན་དུ་ཨ་མ་དྲན་གྱིན་འདུག་ཟེར། ཁོ་ཨ་མའི་སར་མི་ཡོང་བར་གང་ལ་འགྲོ་སྲིད་དམ།”
“ཁྱོད་ཀྱིས་ཅི་ཟེར། མོ་ཁོའི་ཨ་མ་རེད་དམ།”
“……”
དགེ་རྒན་བསོད་ནམས་ཀྱིས་གསང་བ་ཚང་མ་ཕྱི་རུ་བརྟོལ་སྲིད། སྐྱེས་པ་དེ་ན་ཁུད་ན་ཕྱུགས་ཟོག་འཚོ་བཞིན་པའམ་ལྷས་ན་ལྕི་ལྗེ་ཁུར་ནས་འགྲོ་བཞིན་པའི་ཨ་མའི་ཕྱོགས་སུ་བརྒྱུག་སྲིད། སྐྱེས་པ་དེས་ཨ་མའི་སྐྲ་ལོ་ནས་བཟུང་སྟེ་ཐང་ལ་བསྒྱེལ་སྲིད། ཡང་ཨ་མའི་སྐྲ་ལོ་ནས་བཟུང་སྟེ་ཡར་འདྲུད་མར་འདྲུད་བྱེད་སྲིད། ཨ་མའི་ལུས་ལ་རྡོག་ཐོས་གཞུ་སྲིད། ཨ་མའི་ངོ་གདོང་ལ་རྨ་ཁ་གཏོད་སྲིད། ཨ་མས་ཁོ་ལ་ཞུ་བ་བྱེད་སྲིད……
“ང་ཁོའི་ཨ་མ་མིན།”
“ང་ཁོའི་ཨ་མ་མིན།”
ཁོས་མིག་ལ་ནམ་ཡང་མཐོང་མི་འདོད་པའི་རྣམ་པ་སྐྱི་གཡའ་བ་དག་དང་། ནམ་ཡང་ཐོས་མི་འདོད་པའི་སྐད་ཆ་དེ་དག་མདང་གི་རྨི་ལམ་ཇི་བཞིན་ཡང་བསྐྱར་ཁོའི་མིག་ལ་ཤར་ཞིང་རྣ་ལ་འཕོས་ཡོང་། ཁོ་ལ་དངངས་སྐྲག་དང་སྐྱོ་གདུང་ཅིག་ཅར་དུ་སྐྱེས། ཁོས་ལག་པས་རྣ་བ་བཀབ་ཅིང་མིག་ཟུང་ཤུགས་ཀྱིས་བཙུམ། ལུས་པོ་སྒོང་སྒོང་བྱས་ཏེ་མགོ་བོ་པུས་མོའི་བར་ལ་བཙིར་ནས་ཡུན་རིང་བསྡད། ཨོང་ཁང་གི་མུན་ནག་སྟུག་པོས་ཁོའི་ལུས་པོ་ཆུང་ཆུང་དེ་ཤུགས་ཀྱིས་བསྡམས་ཡོང་བའི་ཚོར་བ་སྐྱེས། ཁོའི་བརྣངས་ཤིང་འཚང་བའི་མིད་པ་ལས་དབུགས་ཀྱང་རྔུབ་གཏོང་དཀའ་བའི་ཉམས་སྣང་བྱུང་།
ཁོ་གཉིད་སོང་བའམ་འཁྲུལ་སོང་བ་གང་ཡིན་ཆ་མི་འཚལ་མོད། ཕྱི་རོལ་གྱི་རླུང་སྒྲ་དང་བསྡོངས་ནས་ལྡིར་སྒྲ་ཆད་མ་མཐུད་ཅིག་གྲག་འོང་པ་དེས། ནག་ཏོབ་བེར་གྱུར་པའི་ཁོ་སད་དུ་བཅུག ཁོས་ཟུངས་ཟད་ཅིང་སྟོབས་ཤུགས་ཀྱིས་ཡོངས་སུ་བཏང་བའི་ལུས་པོ་ཨུ་ཚུགས་ཀྱིས་ཡར་ལ་འདེགས་ཙམ་བྱས་ཏེ། ལྕི་ཤུན་སྐམ་པོའི་སྲུབས་ཀ་བཙལ་ནས་ཕྱི་རུ་བལྟས།
ཕྱི་རོལ་གྱི་ཡོད་ཚད་ནག་འཐོམ་མེར་གནས། ཁོས་ཇི་ལྟར་བལྟས་ཀྱང་ཕྱི་རོལ་གྱི་དཀར་ཆ་མཐོང་མི་ཐུབ་པས། སེམས་སུ་རང་ཉིད་ད་དུང་འཁྲུལ་སྣང་ངམ་རྨི་ལམ་དེའི་ཁྲོད་ན་སད་མེད་པར་སྙམ་ཞིང་དངངས་སྐྲག་གིས་ལུས་པོ་སིག་སིག་འདར། ཁོས་བྲེལ་འཚུབ་ཀྱིས་སྡེར་འབྲད་བྱས་ཏེ་ལྕི་སྐོགས་སྐམ་པོའི་སྲུབས་ཀ་ཇེ་ཆེར་བཏང་ནས་ཕྱི་རོལ་གྱི་དཀར་ཆ་ཨེ་མཐོང་ལ་འབད་པ་བྱས། སྐབས་ཤིག རྒྱང་རིང་གི་སྨག་རུམ་ཁྲོད་ནས་གློག་འོད་གསལ་ལ་མི་གསལ་བ་ཞིག་སློབ་གྲྭའི་ཕྱོགས་སུ་མཆེད་ཙམ་བྱས་པས། ཁོས་ད་གཟོད་ཕྱི་རོལ་ཏུ་ས་རུབ་འདུག་པ་གཞི་ནས་རྟོགས། གློག་འོད་དེ་ཇེ་གསལ་དང་ཇེ་ཉེར་སོང་བ་དང་བསྟུན་ནས། འཕྲུལ་རྟའི་སྒྲ་ཞིག་ཀྱང་རྣ་བར་མཆེད་ཡོང་།
“འཕྲུལ་རྟ་དེ་སུ་ཞིག་ཡིན་ནམ།”
འོ། ས་འདི་རུ་དགེ་རྒན་བསོད་ནམས་མ་གཏོགས་འཕྲུལ་རྟ་ཅན་ཞིག་མེད་པས། དེ་ནི་དགེ་རྒན་བསོད་ནམས་ཡིན་ངེས། དགེ་རྒན་བསོད་ནམས་གང་ལ་སོང་བ་ཡིན་ནམ། ཨ་ཙི། ཁོང་ང་འཚོལ་དུ་གཡས་ལུང་ཉག་ཁ་བརྒྱུད་ནས་ཨ་མའི་ཕྱོགས་སུ་སོང་བ་མ་ཡིན་ནམ། ཁོང་ངའི་ཨ་མར་འཕྲད་སོང་ངམ། ཁོ་སྐྱེས་པ་དེར་འཕྲད་ཡོད་དམ། ཁོས་ངེད་ཚོའི་བར་གྱི་གསང་བ་ཡོད་ཚད་ཀྱི་མཐིལ་བརྟོལ་སོང་ངམ། ཁོ་ཡང་བསྐྱར་འཇིགས་སྐྲག་དང་འཚུབ་ཆ་ལངས་མགོ་བརྩམས་སོང་བས། ཁོས་སྔ་རག་ནས་ལག་པས་མགོ་བོ་བསྡམས་ཤིང་མིག་ཟུང་བཙུམ་ལ་ལུས་པོ་ཀུམ་ཀུམ་བྱས་ནས་ལུད་དོང་ནང་ལ་འཛུལ་ས་སྐུང་ས་ཞིག་བཙལ།
“བསྟན་པ་དར་རྒྱས།”
“བསྟན་དར།”
“བསྟན་ཁོ།”
རྒྱང་རིང་ཞིག་ནས་ཁོའི་མིང་ནས་འབོད་པའི་སྐད་སྒྲ་ཞིག་གྲག་བྱུང་། ཁོས་མྱུར་དུ་མགོ་བོ་དགྱེ་ནས་ཞིབ་ཏུ་མཉན་པ་ན། ཐེངས་འདིར་སྨག་རུམ་ཁྲོད་ནས་མཆེད་ཡོང་བའི་འབོད་སྐད་དེ་ནི་དགེ་རྒན་བསོད་ནམས་ཀྱི་སྐད་གདངས་མ་རེད། ཡང་ཁོས་རྣ་བ་སྲུབས་ཀ་ཕྲན་བུ་དེར་གླན་ནས་ནན་ཏན་གྱིས་མཉན་པ་ན། དེ་ནི་ཨ་ནེ་ཇ་མའི་སྐད་མ་རེད་ལ་སློབ་གྲོགས་སུ་ཞིག་གི་སྐད་ནི་དེ་བས་ཀྱང་མ་རེད། འབོད་སྐད་དེ་སྐབས་རེར་ཁོའི་རྣ་ལམ་དུ་གསལ་གྱི་ལེར་བྱེད་ལ། ལན་རེར་མུན་ནག་གི་གཏིང་ཟབ་ས་ཞིག་ནས་བྲག་ཅ་ལྟ་བུ་རེ་མཆེད་ནས་རིམ་བཞིན་མི་ཐོས་པར་གྱུར་འགྲོ།
ཁོས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་འབོད་སྐད་དེ་ཁོའི་ཨ་མའི་སྐད་ཡིན་པ་ཐག་གིས་ཆོད། ཁོ་འདར་མ་འདུར་གྱིས་ཨོང་སྤུངས་ཁོག་གི་མུན་ནག་ལས་དལ་གྱིས་ཕྱི་རུ་བུད་མོད། ཕྱི་རོལ་གྱི་སྨག་ནི་དེ་ལས་ཀྱང་ནག་ལ་སྟུག་པས། ཁོ་རེ་ཞིག་གར་འགྲོ་འདིར་འགྲོ་མེད་པར་ཧད་དེ་ལུས། །
རྩོམ་པ་པོ་ངོ་སྤྲོད།
གཡུ་སྒྲོན་འཚོ། སྨྱུག་མིང་ལ་འདབ་དྲུག་ཏུ་འབོད། ལོ་རབས་དགུ་བཅུའི་སྟོད་ཙམ་ལ་མཚོ་སྔོན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་སྐྱེས། 2019ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། 2022ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་ཕྱིར《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《སྤང་རྒྱན་མེ་ཏོག》སོགས་སུ་སྒྲུང་གཏམ་དང་། ལྷུག་རྩོམ། དཔྱད་རྩོམ། སྙན་ངག་ཕྲན་དཔྱད་གཙོས་སྦྱངས་རྩོམ་རེ་འགའ་སྤེལ་མྱོང་། 2023ལོར་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཐོག་མ《གཟིམས་པ་མེད་པའི་སྒྲོན་མེ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས(ཁག་གཉིས་པ)སུ་བདམས་ནས་པར་སྐྲུན་བྱས། 2024ལོར་སྐབས་བཅུ་གཅིག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ལས“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ།