སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།
འཇགས་པ་མེད་པའི་ལུག་ཁྱུའི་འབའ་སྐད་དེས་མིན་ན། སངས་ནོར་ད་དུང་རྨི་ལམ་དེར་བྱིངས་ནས་བསྡད་ཡོད་ངེས།ལུག་རྫིར་གྱུར་པ་ནས་བཟུང་།ཁོས་ས་ཞིང་མུའུ་གསུམ་པོ་དེ་འདེབས་མི་དགོས་པར་ཡུལ་མི་ཚོས་འདེབས་ཤིང་།ཡུལ་མི་ཚོའི་ལུག་རྣམས་ཁོས་འཚོ་བཞིན་ཡོད།
ལོ་གསར་ལ་བསླེབ་པར་ཟླ་གཅིག་ལྷག་ལས་མེད་ལ། ལོ་གསར་སླེབས་དུས་ལུང་པའི་མི་ཚང་མ་ཁོའི་སར་གཡང་དཔོན་ལོ་གསར་སྐྱེལ་དུ་ཡོང་ངེས། གལ་ཏེ་མོ་ངོས་སྦྱོར་བྱེད་མཁན་ཞིག་བྱུང་ཚེ་ཐུགས་རྗེ་ལེགས་འབུལ་དགོས་ལ་མོར་ཡང་སེམས་རྟེན་ལག་འཁོར་ཞིག་ཉོ་དགོས། དོན་དེ་དྲན་དུས་ཁོས་མལ་ཁྲིའི་འོག་ནས་ཅ་ལག་དེ་དག་རྫི་ཕད་དུ་བཅུག
ལུག་རྫི་ཞིག་ཡིན་པའི་ངོས་ནས་རང་གི་སྒེར་གསོག་ཅུང་ཟད་བསྒྲུབས་མ་ཐུབ་ན་རི་ཆས་བཟང་ཡང་གཟུགས་བཟང་ཁོག་སྟོང་ཡིན་ལ།ཅ་ལག་ཆུང་ཆུང་དེ་འདྲ་ཞིག་ཀྱང་ཐག་གཅོད་མ་ཐུབ་ན་ལུག་རྫི་བྱས་པ་མིང་སྟོང་རེད། ཁོའི་སེམས་སུ་དེ་ལྟར་དྲན།
ཁོས་ལུག་ཁྱུ་ལྷས་ར་ནས་གློད་པ་དང་སྲང་ལམ་གྱ་གྱུའི་ནང་ག་ལེར་དེད།ལུ་གུ་རྣམས་འབའ་སྐད་ལྷང་ལྷང་བྱེད་དུས།མ་མོ་དག་གིས་ཀྱང“འབའ”ཞེས་ཨ་ལན་སྟེར་ཞིང་ལུ་གུ་རེ་འགས་སྐབས་རེར་སྦོ་འོག་ཏུ་འཛུལ་རྗེས་མཆུ་ཏོ་ནུ་མར་སྦྱར་བ་དང་འོ་མ་གང་མང་ཐོན་ཆེད་མགོ་བོས་ཤུགས་ཀྱིས་བརྡུངས་པས། མ་མོས་རྐང་པ་གཉིས་ཀྱང་བཏེགས་ཙམ་བཏེགས་ཙམ་བྱེད་དགོས་བྱུང་། ཁོས་ལུག་ཁྱུའི་གཞུག་ལ་ལུས་པར་འུར་ལྕག་གཞུ་བཞིན་སི་ཤུ་འཐེན་པ་དང་།ལམ་བར་དུ། ཨ་མ་གཡུ་སྒྲོན་གྱིས་སྣ་ཐ་འཐེན་པའི་ཐལ་རྡུལ་སྣ་རྩེར་འགོས་པའང་ཕྱིས་ལོང་མ་བྱུང་བར་བརྩེ་བ་ཆེ་མདོག་ངང“སངས་ནོར།དེ་རིང་བཟའ་ཆོག་ཆོག་ཅིག་མི་འདུག་པས། འདི་ཁྱེར་དང”ཞེས་ཡོས་འགྱིག་ཁུག་གང་ཁོའི་ཨམ་ཕྲག་ཏུ་བཅུག་པ་དང་། དེ་ནས“གནམ་གཤིས་གྲང་མོ་འདུག་པས་འཁྱགས་ཡོང་ངོ”ཞེས་སེམས་ཁུར་བྱས། གྲོང་པའི་དོན་གྲུབ་ཕུན་ཚོགས་ཀྱང་ཁོའི་རྒྱབ་ཕྱོགས་ནས་བརྒྱུགས་ཡོང་སྟེ་ལྷ་སའི་སྦི་རག་ཤེལ་དམ་གང་དང་ཐ་མག་ཡུན་ཡན་སྒམ་ཆུང་གཅིག་སྤྲད་རྗེས། རྣ་རྩར་གཏད་ནས་ཤབ་ཤུབ་ཀྱིས་རི་ངོས་གང་ན་སེམས་ཅན་དེ་འདྲ་ཡོད་མིན་དྲིས།
“ངས་མཐོང་མ་བྱུང་ལ་དོ་སྣང་ཡང་མ་བྱུང་།”
“བྱས་ན་ཞར་ཞོར་ལ་འོན་གསང་བྱེད་རོགས། བྱུང་ན་ངེད་གཉིས་མཉམ་བགོས་བྱས་ཆོག་ལ་རང་ལའང་ལག་སྣེ་ཞིག་ཀྱང་ཡོང་གི་རེད།”
གྲོང་ཚོའི་འདབས་ཀྱི་རི་གཤམ་གྱི་སྣེ་མོ་དེ་ཡོལ་རྗེས། ཁོས་ཁྲེལ་དགོད་ཤིག་ཤིག་ངང་ཕྱིར་མིག་ཅིག་བལྟས་ཏེ“ཡང་ངའི་དེ་ཧམ་བཟུང་བྱེད་འདོད།ཉི་མ་རྐུབ་ནས་ཤར་གྱི་རེད”ཅེས་ཆིག་ལབ་བརྒྱབ།
ཁོས་ཉིན་ཤས་རིང་སེམས་ཅན་དེས་ཚང་གང་དུ་བཅའ་མིན་ལ་བརྟགས་ཤིང་། རིལ་མ་སྐམ་པོ་དག་སྣུམ་ཤིག་གེར་ཡོད་པ་མཐོང་དུས་ཁོའི་གདོང་ལ་འཛུམ་ཞིག་མངོན། ལུག་ཁྱུ་ཁ་བྱང་ལྟའི་ཚེར་མ་དང་སྙེ་ཤོ་མ་ཡོད་སར་སྐྱ་ལེམ་ལེམ་ངང་ཡར་འགོས་དུས། རི་རྐེད་ཀྱི་གནས་དེ་ནས་སེམས་ཅན་དེ་མཆོང་ཐེངས་གཉིས་གསུམ་ཞིག་གིས་རི་རྒྱབ་ཏུ་ཡལ། ཁོས་དགུང་ཆས་སྟབས་བདེ་ཞིག་ཟོས་རྗེས་རྫི་ཕད་ལས་ཅ་ལག་དེ་དག་བཏོན་ནས་གྲ་འགྲིག་མིན་ཞིབ་ལྟ་བྱས།
རིལ་མ་གསར་པ་སྤར་མོ་གང་ཙམ་སྣུམ་ཤིག་གེར་བཏང་ཡོད་པས། ཁོ་དལ་བུར་མར་ཙོག་པ་དང་ལྕགས་རྙི་དེ་དག་གཟབ་ནན་ངང་སྦས།
ཤ་བཟན་དག་རིའི་འགབ་ཏུ་སླེབས་ཡོད་ཅིང་།ལུ་གུ་ཁྲིད་པའི་མ་མོ་དག་ནི་རི་རྐེད་ཡར་ས་ན་འགུལ་ཙམ་འགུལ་ཙམ་བྱེད་ལ། འབའ་སྐད་ནི་དལ་གྱིས་ལྡང་བའི་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་རྣ་ལ་གྲག་ཡོང་།ལྷགས་ཕྱོགས་དབང་གིས་སྐབས་རེར་གདངས་རིང་ལ་འཁྱོག་པ་དང་སྐབས་རེར་གདངས་ཤིན་ཏུ་ཐུང་བར་སྣང་།
སངས་ནོར་གྱིས་སྡོད་སར་སོང་ནས་སླར་ཡང་ཐ་མག་རྐང་གཅིག་འཐེན་པ་དང་། རྫི་ཕད་ལས་ལྷ་སའི་སྦི་རག་ཤེལ་བུམ་དེ་བཏོན་རྗེས་ཁ་ཕྱེ་སྟེ་སྒོག་སྒོག་ཏུ་ཕྱེད་ཙམ་ཞབས་དག་བརྒྱབ། མིད་པའི་ནང་མངར་སིལ་བརྒྱབ་པས་ཁོའི་སྨུག་ནག་གི་ངོ་གདོང་རྫ་མ་དུ་དྲེག་འགོས་འདྲ་དེ་ལ་འཛུམ་མདངས་ཤིག་རང་དབང་མེད་པར་འཁོར།
ཉི་མ་ག་ལེར་ནུབ་རིའི་ངོས་སུ་ཕྱོགས་ཤིང་རྒྱབ་རིའི་གྲིབ་གཟུགས་ག་ལེ་ག་ལེར་ལངས་ཡོང་དུས་ཁོ་གཉིད་སིལ་སིལ་དེ་ལས་སད། ཁོ་ཡར་ལངས་ཏེ་ཨ་སྟོང་ཞིག་བརྒྱབ་པ་དང་རྐྱོང་ལག་ཅིག་བྱས་རྗེས་ཚར་ལེབ་སྐམ་པོའི་ངོས་ན་གོ་རིམ་མེད་པར་ཉལ་བའི་འུར་ལྕག་ཆུ་མིག་དགུ་སྒྲིལ་དེ་ལག་ཏུ་བླངས།
“ཐག་ཐག་ཐག”
ཁོས་དེ་ལྟར་འུར་ལྕག་བརྡབས་པ་དང་ཀི་ཤུ་བཏབ་པས་རི་མགོའི་མཚམས་སུ་བསླེབ་ལ་ཉེ་བའི་ལུག་རྣམས་ཀྱིས་ཅི་ཞིག་གོ་བ་ལྟར་ཁ་མར་ལོག་པ་དང་དལ་དལ་ལྷོད་ལྷོད་ངང་མར་འབབ་པར་བྱེད། ཁོའི་ལོ་མང་གི་ཉམས་མྱོང་ལ་བལྟས་ཚེ། འུར་ལྕག་བརྡབས་པའི་སྐད་སྒྲ་བྲག་ཅར་འཁོར་ནས་ལུག་གི་རྣ་ལ་ལྷུང་དུས། ཏན་ཏན་ལུག་དེ་དག་གིས་མ་འདོད་པའི་སྒྱིད་ལུག་ངང་ཤིན་ཏུ་ཐུང་བའི་མཇུག་མ་གཡུག་གཡུག་བྱེད་པ་དང་། རྩྭ་ཁམ་གང་རེ་ཟོས་རྗེས་གོམ་པ་འགའ་སྤོ་བ་དང་སླར་རྩྭ་ཁམ་གང་ཟོས་རྗེས་གོམ་པ་རེ་སྤོ་བར་བྱེད་ཅིང་། དེ་ནི་ཧ་ལམ་རྩྭ་ཡག་པོ་འདི་འདྲ་ཟ་རུ་མི་འཇུག་པ་ཅི་ཡིན། ངས་ཡོད་ཚད་ཟ་འདོད་འདུག་ཅེས་ཟེར་བ་དང་ཅིས་མི་མཚུངས། ལུག་ཁྱུ་ཀླུང་ལ་བབས་པ་དང་ཁོས་རི་རྐེད་ལ་ཕྱོགས་ནས་སང་ཉིན་ཏན་ཏན་ལག་ཏུ་ཐེབས་ངེས་སྙམ་ཞིང་ངོ་གདོང་སྨུག་ནག་དེར་འཛུམ་ཞིག་ལངས་པས་སོ་ཕྲེང་སྐྱ་ཤིག་གེར་མངོན།སྲང་ལམ་སྦྲུལ་འདྲ་བ་ཕྲ་ལ་གྱ་གྱུ་ཆེ་བ་དེའི་སྣེ་མོ་ཟིན་དུས།དོན་གྲུབ་ཕུན་ཚོགས་ཐ་མག་གི་དུ་བ་ལིང་ལིང་ངང་ཡོང་བཞིན་པ་དང་འཕྲད།
“སངས་ནོར། འོན་གསང་བྱས་པས།”
“མིག་བརྡོལ་བརྡོལ་བལྟས་མོད་གང་ཡང་མཐོང་མ་བྱུང”ཞེས་བཤད་པ་དང་སེམས་སུ་དཀའ་ལས་སྐྱ་བས་བརྒྱབ། ལོངས་སྤྱོད་ཟ་རུས་གཏོང་རྒྱུ་སྐྱིད་དྲགས་པ་རེད་སྙམ།
“རང་གིས་འོན་གསང་ཡག་པོ་བྱས་མེད་པ་རེད། ཉེ་ཆར་དགོང་མོ་མུན་བཅུ་རུབ་མ་རུབ་དང་ཞོགས་པ་ནམ་ལངས་མ་ལངས་སྐབས་སུ་རི་འདབས་ཀྱི་ལྕང་རའི་ནང་བབས་འདུག་ཅེས་མི་མང་པོས་ཟེར།”
དོན་གྲུབ་ཕུན་ཚོགས་ཀྱིས་དེ་ལྟར་ལབ་དུས། སངས་ནོར་གྱིས་དེ་ཙམ་མ་འདོད་པའི་ངང“བྱས་ན་དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་བྱུང་བས་དེ་ཚོར་རྒྱོབས་ཤིག”ཅེས་བཤད།
“སྐེ་ཁྱེར་ནས་ཞགས་པ་ཉོ་མཁན་སུ་ཞིག་ཡོད་དམ། ལྐུགས་པ་ལ་ཕུག་ཟ་མཁན།རི་སྲུང་གི་མིག་དེ་སྤྱང་ཀིའི་མིག་ལས་རྣོ་ཡི་རེད།”
སྲང་ལམ་གྱི་ལུག་གི་འབའ་འབའ་ཟེར་བའི་སྐད་སྦོམ་པོ་དང་ཕྲ་མོ་སྣ་ཚོགས་རེས་མོས་ཀྱིས་གྲག་དུས་དེ་ཉིད་སྒོར་གཞས་འཁྲུག་པོ་ཞིག་ལྟར་སྣང་། དོན་གྲུབ་ཕུན་ཚོགས་ཀྱིས་འཐེང་འཐེང་ངང་འགྲོ་བཞིན་པའི་སངས་ནོར་ལ་གཏད་ནས། “ཧེ་ཧེ།ཉིན་མོ་རྐུན་མ་མ་རྐུ་རི་མགོ་ཐམས་ཅད་མིག་ཡིན་ཟེར་བ་མིན་ནམ།རང་གིས་གང་བྱས་ངའི་སྤར་མཐིལ་ནང་རེད”ཅེས་ལྐོག་ལབ་བརྒྱབ། ཉིན་གཉིས་པར་རྐང་པར་ལྕགས་རྙི་ཐེབས་པ་ཤི་རོར་གྱུར་ཟིན་ལ། དགོས་པའི་རྒྱུ་རྡིག་བཀོག་ཟིན་པར་བལྟས་ན་རྐུན་ཇག་ཤོར་བ་ཡིན་པས་སངས་ནོར་གྱིས་རླུང་འཚུབ་འཚུབ་ངང་ཤི་རོ་གད་པ་མཐོན་པོ་དེ་ནས་གད་འོག་གི་གཞུང་ལམ་ལ་བསམ་གཟས་ཏེ་གཡུགས།
ཁོའི་མིག་ལམ་དུ་དོན་གྲུབ་ཕུན་ཚོགས་འཁོར་མོད་དཔང་རྟགས་ཅི་ཡང་མ་རྙེད།རི་སྲུང་ལ་དོན་དེ་ཤོད་དགོས་སམ། བཤད་ན་རང་ཉིད་ལའང་ཐག་ཞོར་འབྲེང་འདྲུད་མི་ཡོང་ངམ། ཁོའི་སེམས་སུ་གཡང་དཔོན་ལོ་གསར་པར་ད་དུང་ཟླ་བ་གཅིག་ཡོད་པས་གོ་སྐབས་ཡོད་དང་ཡོད་སྙམ།ཁོས་རྣ་བ་ཕྱི་ལ་གཏད་ནས་བསྡད།ལྷས་རའི་ནང་ལུག་རེ་འགའ་གློ་ལུ་བའི་སྒྲ་གོ་འོང་།
“འཕྲིན་ལས་བཟང་མོ། ངས་ཅ་ལག་རྩ་ཆེན་པོ་ཞིག་རྙེད་བྱུང་།”
མུན་ཆབ་ཆབ་རུབ་དུས་རྟ་མགྲིན་བློ་བཟང་གིས་སོ་ཚེག་ཚེག་ངང་འགྱིག་ཕད་ཉིལ་ཉིལ་དེ་གོ་ཁའི་ནང་ཁུར་ནས་སླེབས།
“དེ་འདྲ་དགའ་དོན་ཅི་རེད།”
མོས་ཧང་སངས་སངས་ངང་ཁོའི་ཤིང་ཕོར་ནང་ཇ་ནག་གང་བླུགས།
“པཱ་ལགས། ཅི་རེད།”
ཕྲུ་གུ་གསུམ་པོས་ཕ་རྟ་མགྲིན་བློ་བཟང་གི་སྒལ་ཐོག་ནས་ཕབ་པའི་འགྱིག་ཕད་ལ་བལྟས་ནས་ཡ་མཚན་ངང་སྒུག་པ་དང་བུ་རྒན་པས་དེའི་ཁ་བཀྱིག་འགྲོལ་བར་སོང་བ་འགྱིག་ཕད་ཀྱི་སྣེ་མོ་ལག་ལ་རེག་མ་ཐག་ཏུ། བཟའ་ཟླ་འཕྲིན་ལས་བཟང་མོས“ཕྲུ་གུ་འཚོགས་འཚོགས་འབེལ་པོ་བྱེད་དོགས་མེད། ཕར་རྒྱུགས”ཞེས་བཤད་དེ་འགྱིག་ཕད་ཀྱི་ཁ་མདུད་འགྲོལ་མགོ་ཚུགས།
འཕྲིན་ལས་བཟང་མོས་མདུད་པ་སེན་མདུད་དེ་དཀའ་ལས་ངང་འགྲོལ་མ་ཐུབ་པར་ཡུན་ཙམ་ལུས་ཤིང་།“འདི་འདྲ་ཅི་རེད་དམ། དམར་དྲི་ཁྱད་མཚར་ཞིག་ཐུལ་བྱུང”ཞེས་ཟེར།
“ལྟོས་དང་ཧ་གོ་ཡི་རེད།”
རྟ་མགྲིན་བློ་བཟང་གིས་རྒྱ་ཅོག་གྲུ་བཞི་ནག་རིལ་ཐོག་བཞག་པའི་ཤིང་ཕོར་ནག་རིལ་ནང་གི་ཇ་བཏུངས་ཚར་ཡོད་ཅིང་ཤིང་ཕོར་གྱི་ཁ་གཏུག་ས་དེ་སྣུམ་ཤིག་གེར་ཡོད། སྐབས་དེར།བུ་རྒན་པ་དབང་འདུས་རྒྱལ་པོས་སླར་ཡང་དཔའ་ཁས་ལེན་ལྟར་ལག་རྒྱབ་ཀྱིས་སྣ་རྩེར་ལུད་ཡོང་བའི་སྣབས་ལུད་དག་ཕར་ཕྱིས་པ་དང་། ལྷག་མ་རྣམས་སྣ་ནང་དུ་ཡར་འཐེན་མ་ཐག“ངས་བཀྲོལ་ཡོང”ཞེས་ཕར་ཙམ་སོང་ནས་འགྱིག་ཕད་ཁ་བསྡམས་པའི་ཕྱོགས་སུ་ལག་པ་བརྐྱངས།
རྟ་མགྲིན་བློ་བཟང་གིས་དེ་མ་ཐག“ཕྲུ་གུ་རྒན་གྲལ་ལ་འཚོགས་འཚོགས་ཡོད།ལས་ཀ་མེད་ན་ཉོལ་ཤོག དགོང་མོ་མ་ཉལ་ཁྱི་དང་འདྲ། ཞོགས་པ་མ་ལངས་བ་དང་འདྲ་བ་འདི་ཚོ”ཞེས་གསུངས་ཀྱིན་མིག་ལོག་བལྟས་པས། ཕྲུ་གུ་གསུམ་པོ་ནི་ཁྲས་བྱེའུ་བདས་པ་ལྟར་ཁང་པ་གཞན་པ་དེའི་ནང་འཛུལ་བ་དང་། དེ་རྗེས་ཉལ་ཁང་གི་སྒོའི་ཟུར་ནས་མགོ་བོ་གསུམ་པོ་ནག་རོག་གེར་ཕ་མ་གཉིས་ཀྱི་ཕྱོགས་སུ་ལྟ་བཞིན་བསྡད།
“ལྐོག་ལྐོག་སུད་སུད་དེ་འདྲ་རྐུ་བརྒྱབ་པའི་སྡུག་ལས་མ་རེད་པས།”
“འདི་ང་ལ་རྙེད་བྱུང་ཟེར་ན་རྐུ་ལས་དང་འབྲེལ་བ་ག་ནས་ཡོང་།”
གློག་བཞུའི་འོད་མདངས་འོག ཁོ་གཉིས་ཀྱི་གྲིབ་གཟུགས་རིང་པོ་དེ་ཕྲུ་གུ་གསུམ་པོ་ཡོད་སའི་ཁང་སྒོ་བར་བསྣར་ཡོད་ཅིང་། འགུལ་ཙམ་འགུལ་ཙམ་བྱེད་པའི་གྲིབ་གཟུགས་དེས་བུ་ཆུང་བ་ལྟད་མོ་ཆེ་ཐག་ཆོད།
རྟ་མགྲིན་བློ་བཟང་གིས་ཤུགས་ཀྱིས་སེན་མདུད་བཀྲོལ་རོགས་བྱས་པ་དང་། དེ་ནས་འགྱིག་ཕད་མགོ་གཞུག་བསློགས་མ་ཐག་ས་མཐིལ་ཐོག་དེའི་རོ་ཉིལ་ལེར་ཐོན་པས། བཟའ་ཟླ་འཕྲིན་ལས་བཟང་མོ་ཧོན་འཐོར་བའི་ངང“འདི་འདི་འདི”ཞེས་ཟེར་བས། རྟ་མགྲིན་བློ་བཟང་གིས་ཕྲུ་གུ་གསུམ་པོའི་ཕྱོགས་སུ་ལྟ་ཙམ་བྱས་པ་དང་དེ་ནས་སྐད་ཆུང་དུ་བཏང་ནས།“འདི་ལ་རྡོ་ཚད་ཡོད་རེད”ཅེས་བཤད།
ཁོས་ག་ལེར་དེའི་ལུས་པོ་གན་རྐྱལ་དུ་བསློགས་པ་དང་བརླ་དབྲག་གི་རྡིག་རྡིག་དེར་འཇུས་ཏེ་འཕྲིན་ལས་བཟང་མོར་བསྟན།མོས་ཞེད་སྣང་ཚ་མདོག་ངང་ལག་པ་རེག་ཙམ་བྱས་པ་དང་། དེ་ནས་སྦོ་འོག་ཏུ་ཁྲག་རལ་འཛར་ཤུལ་ཡོད་ལ་རྨ་ཁ་མི་ཆུང་བ་ཞིག་ཡོད་པ་མཐོང་མ་ཐག “ཨ་ཇོ་རྟ་མགྲིན། མིས་བཀོག་ཚར་བ་མིན་ནམ།གང་ལྟར་འདི་ཡིན་ས་མ་རེད”ཅེས་ཟེར།
“ཡིན་གྱི་མ་རེད།”ཁོའི་མིག་ཟུང་ཆེ་རུ་སོང་ནས་ཞིབ་ལྟ་བྱས།
“ག་ནས་རྙེད་བྱུང་།”
“ཁ་གསར་གད་འོག་ནས་རྙེད་བྱུང་།”
“བྱས་ན་རྨ་ཁ་འདི་གང་འདྲ་བྱུང་ངམ། དཔེ་བསགས་སོང་། དེ་འདྲའི་རྣམ་རྟོག་ལ།”འཕྲིན་ལས་བཟང་མོས་འུ་ཐུག་པའི་རྣམ་འགྱུར་ཞིག་སྟོན་ཅིང་། མོའི་དཔྲལ་བའི་གཉེར་མ་དག་ནི་ཆུའི་རླབས་རིས་ཤིག་དང་མཚུངས་ལ། གློག་འོད་འོག་དེ་བས་ནག་སྨུག་སྨུག་དང་སྣུམ་ཞག་དོད་པར་སྣང་།
“ཨ་ཇོ་རང་དེ་འདྲ་བསྒྲུགས་ནས་ཅི་ཞིག་བསམས་བྱུང་།”
“དེ་བཙོངས་ནས་ཕྲུ་གུ་དེ་ཚོར་སྟོད་གོས་གསར་པ་རེ་དང་ལོ་གསར་གྱི་མཁོ་ཆས་ཉོ་བྱེད་ལག་སྣེ་ཞིག་བྱུང་ན་བསམས་པས་ཡིན།”
“ལྐུགས་ལབ་རང་བག མི་སྤྱང་ཀི་འདྲ་བ་དེ་ཚོའི་ལག་ནས་ཐོབ་ཀྱི་རེད་པས། མ་གཞི་ནས་ཧ་གོ་གི་མེད་པས།རྣམ་རྟོག་ལ། ང་ནི་གང་ཞིག་ཁྱེར་བ་རེད་བསམས་བྱུང་།”
དགོང་མོ་དེར་ཁོ་གཉིས་མཚན་གང་བོར་གཉིད་ཏིལ་འབྲུ་ཙམ་ཡང་མ་ཁུགས། ཕྱི་ཉིན་ཞོགས་པ་ནམ་གསལ་ལ་མ་གསལ་གོང་ནས་འཕྲིན་ལས་བཟང་མོས་མར་དཀྲོག་ག་ཞིག་ཁྱེར་ཏེ་ཨ་ཁུ་བསམ་གཏན་སར་མོ་མིག་ཞུ་བར་བསྐྱོད།ཨ་ཁུ་བསམ་གཏན་བཞེངས་མ་ཐག་ཡིན་པས་མོའི་སེམས་ལ་དགའ་སྐྱོ་ཅིག་ཅར་དུ་སྐྱེས། དགའ་འོས་པ་ནི་གསུང་བརྟག་ཞུ་མཁན་མི་གཅིག་ཀྱང་སླེབས་མེད་པས་གང་མགྱོགས་ཞུས་གྲུབ་ནས་གསང་ཐུབ་པ་དང་སྐྱོ་འོས་པ་ནི་བྱུར་གྱི་སྣ་འདྲེན་དེས་བར་ཆད་ཅི་འདྲ་ཞིག་མགོ་ཐོག་ཏུ་ཁྱེར་ཡོད་དམ་སྙམ།
“བཟང་མོ་ལགས།སྔ་མོ་དེ་འདྲ་ལས་ཀ་ག་རེ་ཡོད་པས”ཨ་ཁུ་བསམ་གཏན་གྱིས་ལྕགས་དམ་ཆུང་ཆུང་དེ་ལས་མིག་ཡོད་ཚད་ཟུམ་པའི་ཤོ་གཉིས་པོ་བཏོན་རྗེས་སྤར་མཐིལ་དུ་འཇུག་གིན་དེ་ལྟར་གསུངས།
མོས་ཕར་ཚུར་དང་རྒྱབ་མདུན་གང་སར་མིག་སྐོར་ཞིག་བརྒྱབ་རྗེས་མདང་དགོང་གི་དོན་དེ་ཞུས་པས་ཨ་ཁུ་བསམ་གཏན་ཡང་ཧ་ལས་སོང་།
“དཔེ་སྲིད་དོགས་མེད། དེ་འདྲའི་རྟ་མགྲིན་བློ་བཟང་གི་ལྷོད་གཡེང་ལ།རི་དྭགས་ཀླུང་ལ་བབས་རུང་རྣམ་རྟོག་ཡོད་པས། ཁྱིམ་ལ་ཁྱེར་ག་ནས་རུང་། མོ་མིག་དེ་ལས་སྡུག་པ་གཅིག་མེད།”
འཕྲིན་ལས་བཟང་མོ་དེ་བས་དངངས་སྐྲག་དང་འཇིགས་སྣང་གིས“ཐུགས་རྗེས་གཟིགས།གཏོ་བཅོས་གང་འདྲ་བྱས་ཚེ་དགའ་བ་ཡོད་ན”ཞེས་དྲིས་ཤིང་ལག་གཉིས་སྡོད་ཚུགས་མེད་པར་པང་གདན་འོག་ལ་བཅུག་ཙམ་དང་ཕྱིར་བཏོན་ནས་འཕུར་འཕུར་གཏོང་ཙམ་གཏོང་ཙམ་བྱེད།
“ཡིན་ནའང་ཞེད་དགོས་མེད།གཏོ་བཅོས་བྱས་ན་ལྡོག་འགྲོ་གི་རེད།”
ཨ་ཁུ་བསམ་གཏན་གྱིས་མོའི་མིད་པར་བཏེགས་པའི་སྙིང་ཁ་མར་ཙམ་ཕབ།ཕྱིར་ཁྱིམ་དུ་སླེབས་དུས་ནམ་དཀར་རྐྱང་ཆགས་ཟིན་ལ། ཁང་ཁྱིམ་གྱི་ཐོག་སྟེང་དུ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བཞིན་ཡོད་ནའང་མི་རྣམས་ཕྱིར་ཐོན་མེད་པས་མོའི་བློ་ཅུང་ཟད་བདེ།
“མགྱོགས་པོར་བརྒྱུགས་ཏེ་འདི་ག་ནས་ཁྱེར་བ་དེ་སར་སྐྱོལ་ལ་ལམ་བར་དུ་མི་མ་འཕྲད་པ་བྱེད་གསུངས།”
རྟ་མགྲིན་བློ་བཟང་སྐས་ཀའི་གདང་བུ་གཉིས་གསུམ་མཆོངས་ནས་བབས་པ་དང་། སྐས་འོག་ཏུ་བཞག་པའི་འགྱིག་ཕད་དེ་ཐག་པ་ཐུང་ཐུང་ཞིག་གིས་སྒལ་པར་ཁུར་ནས་བྲེལ་བྲེལ་འཚུབ་འཚུབ་ངང་སོང་།དེ་མ་ཐག་འཕྲིན་ལས་བཟང་མོས་དཀར་རགས་ཀྱིས་ཁང་པའི་ནང་སྒོ་དང་ཕྱི་སྒོར་རྟགས་འཐེན་ནས་འཛུལ་ས་མེད་པ་ལྟ་བུར་བྱས།ཁྱོ་ག་བུད་རྗེས་མོའི་ཡིད་ལ་སྟོང་ལྷང་ལྷང་བྱུང་ཞིང་། དེ་ནི་འདས་པོ་ཞིག་གི་རྗེས་འཇུག་སྐབས་དཀར་རྟགས་འཐེན་པ་ལྟར་སྣང་། མོས་དབུགས་རིང་ཞིག་འཐེན་པ་དང་དེ་ནས་ཉིས་ཐོག་ཏུ་འཛེགས་ནས་མེ་ཁ་གསོས།ཕྲུ་གུ་གསུམ་པོ་མལ་སའི་ནང་གཉིད་ཀྱིས་བཟི་ཞིང་ནམ་ཟླ་དགུན་ཁའི་གྲང་ངར་གྱིས་ཚང་མ་མགོ་བཏུམས་བརྒྱབ་ནས་ཡོད།
“ཉི་མ་བཀྲ་ཤིས། ལོངས་ཤིག རྒན་ཆོས་འབྱོར་ལགས་ཀྱི་སར་གཅིག་རྒྱུགས་དང”འཕྲིན་ལས་བཟང་མོས་དེ་ལྟར་བུ་ཆེ་བར་སྐད་ལན་གསུམ་བཏང་རྗེས་ཁོས་གཞི་ནས་མིག་འཕུར་གྱིན་ཡར་ལངས། ཁྱོ་ག་སླེབས་དུས།ཉི་མ་བཀྲ་ཤིས་སོང་ནས་ཅུང་ཙམ་འགོར།
མིར་འཕྲད་མ་བྱུང་ངམ།
འཕྲིན་ལས་བཟང་མོས་དངངས་སྐྲག་དང་བཅས་ཁོ་ལ་དྲིས།
“ལོག་ཡོང་དུས་ཚེ་དབང་རྒྱ་མཚོ་སྦག་སྦག་ལ་ཞོན་ནས་འགྲོ་བ་དང་འཕྲད་བྱུང་།སྐྱོན་ཡོད་ཀྱི་མ་རེད།”
“ཨ་ཁུ་བསམ་གཏན་གྱིས་མི་མ་འཕྲད་པ་བྱས་ཏེ་སྐྱོལ་ཤོག་གསུངས་པས། བསྐྱལ་གྲུབ་ནས་ལོག་ཡོང་དུས་འཕྲད་པས་ཅུང་དྲག་པ་མེད་འགྲོ། རྗེས་མ་ནས་བྱུར་གྱི་སྣ་འདྲེན་དེ་རིགས་ལ་ཚད་ཚད་བྱེད་རྒྱུ་མེད།རྒྱང་སར་བསྡད་ནས་ལུགས་མཐུན་འཚོ་བ་བསྐྱལ་དགོས”
དཀྱིལ་ཐབ་ཏུ་ཧ་ཡང་ནག་པོ་དེ་བཀབ་ཡོད་ལ། ཟུར་ཐབ་གཅིག་སྟོང་པ་ཡིན་པས་དུ་བ་འཁྲིལ་སྟེ་ཁང་པའི་ནང་དུ་ཞགས་ཆིལ་ལེར་ཡོད། རྟ་མགྲིན་བློ་བཟང་གིས་ཁུ་སིམ་མེར་མོས་བཤད་པའི་ལེ་བདར་ཉན་བཞིན་བསྡད།
ས་དྲོས་མཚམས་སུ་རྒན་ཆོས་འབྱོར་ལགས་ཞལ་མུག་མུག་ངང་ཕེབས་ཤིང་། “བྲེལ་བ་དེ་འདྲ་ཅི་རེད”ཅེས་གསུངས།
དེ་ཉིན། ཁོང་གིས་ཁྱིམ་ནོར་ལྟ་བུའི་དམ་ཆོས་པོ་ཏི་གཅིག་པུ་གཟུངས་བསྡུས་ཞལ་ཕྱེ་གནང་ཞིང་། ཤོག་བུ་དཀར་པོ་ཕྱེད་ཙམ་དེའི་ཐོག་བྲིས་པའི་ཞབས་བརྟན་ཙག་ཙིག་དག་ལས་གཅིག་རེ་གྲུབ་པ་དང་སྤོས་མེས་དེ་ལ་ཨི་ཁུང་ཞིག་ཕུབ་པར་གནང་།
དེའི་རྗེས་ཀྱི་ཉིན་ཤས་ནང་རྟ་མགྲིན་བློ་བཟང་ཁྱིམ་དུ་གཏོ་བཟློས་དང་དགྲ་བླའི་དཔང་བསྟོད་སོགས་ཀྱི་རྔ་རྡུང་འབུད་དཀྲོལ་དང་།སུམ་མདོར་གཏོ་བཟློས་སྐྱེལ་བ་སོགས་བྲེལ་ཟིང་གིས་ཁེངས་ཤིང་།ལོ་གསར་གོང་ཚོང་སྣམ་སྦུབ་གཅིག་བཏགས་ནས་ལྷ་སར་བསྐྱལ་རྒྱུའི་འཆར་གཞིའང་ནར་འགྱངས་མི་བྱེད་ཀ་མེད་ཆགས།
“རྣམ་རྟོག་བཟློག་ན་ཚོང་སྣམ་ག་དུས་བཏགས་བཏགས་རེད།རྗེས་མ་རྣམ་རྟོག་གི་ལས་སྐྱུག་བྲོ་པོ་དེ་འདྲ་འཇུས་འཇུས་མ་བྱེད།”
བཟའ་ཟླ་འཕྲིན་ལས་བཟང་མོའི་སྐད་ཆ་དེར་རྟ་མགྲིན་བློ་བཟང་གནོང་འགྱོད་ལྟ་བུས“རྗེས་མ་ག་ནས་བྱེད”ཅེས་བཤད།
“ཉེ་ཆར་རྨི་ལམ་སྡུག་པ་མི་འདུག་གམ།”
“མི་འདུག ད་ནས་གཟབ་གཟབ་བྱེད་དང་བྱེད།ལྐོག་ཟ་རྒྱག་མཁན་དེ་ཚོ་གང་འདྲ་བྱེད་ཀྱི་ཡོད་ན།རྣམ་རྟོག་ལངས་ཀྱི་མེད་པ་ཡིན་ནམ།”
“ཡིད་མ་ཆེས་ན་དོན་གྲུབ་ཕུན་ཚོགས་ལ་ལྟོས་ཤིག རྗེས་མ་ཏན་ཏན་ལས་འབྲས་འཁོར་གྱི་རེད།”
“ཡིན་གྱི་མ་རེད།ལགས་སོ་ལགས་སོ།ལམ་སང་སོང་ཆོག”
རྫོང་ནགས་ལས་ཅུས་ནས་སླེབས་པའི་ཁ་པར་དེས་དབང་ཕྱུག་གི་ངོ་གདོང་དེ་མ་ཐག་ལྷམ་གྱི་མཐིལ་ལྟར་ཆགས། ཤར་ཕྱོགས་གྲམ་པ་དང་ཁ་གསར་གད་པའི་དབྲག་ཏུ་ཡོད་པའི་གཞུང་ལམ་འདི་ནི་ཐོད་ཀྱི་གྲོང་ཚོ་གཉིས་ལ་འགྲོ་སའི་ལམ་ཉག་ཅིག་དེ་ཡིན་ཞིང་།གྲམ་པ་དང་གཞུང་ལམ་བར་དུ་ཡོད་པའི་ཆུ་རགས་མི་ཚད་ཙམ་ཡོད་པ་དེ་ཉིད་ནི་གཞུང་ལམ་སྐྱོར་མཁན་ཞིག་དང་མཚུངས། དབང་ཕྱུག་གིས་རང་གི་ལས་གྲོགས་རི་སྲུང་བཀྲ་ཤིས་དཔལ་ལྡན་ལ་ཁ་པར་བཏང་ནས་ཁ་གསར་གད་འོག་ཏུ་ལྟ་བར་སོང་ཞིང་ས་དེར་སླེབས་དུས་དེ་བས་ཧང་སངས་པར་གྱུར།
ཆུ་རགས་ཐོག་ཤི་རོ་དེ་ཉིད་མི་ཞིག་ལྟར་ཙོག་ནས་བཞག་ཡོད་ཅིང་། རྒྱབ་ལ་རྡོ་བརྩིགས་བསླངས་པའི་ཐོག་བསྙེས་པ་དང་དེ་ནས་ལག་པ་གཉིས་པོའི་འོག་ཏུ་རྒྱུག་པ་ཞིག་བཅུག་པ་རྒྱབ་ཀྱི་རྩིག་གསེབ་ཏུ་བཀར་བཅུག་བྱས་པས་ཧ་ལམ་ལག་པ་བརྐྱངས་ཡོད་པ་ལྟར་སྣང་། མིག་གཅིག་ཟུམ་ལ་གཅིག་གདངས་པའི་ནང་ན་འོད་མདངས་ཅི་ཡང་མེད། སྤུ་གྲ་དག་ནི་ཉི་འོད་འོག་སེར་འཚུབ་ཙམ་ལ་རིམ་པར་རྩེ་མོ་དཀར་དུ་འགྲོ་བས་ཤིན་ཏུ་ཡག རྐང་པ་གཉིས་ཀྱང་ལོ་གཅིག་གཉིས་སོན་པའི་བྱིས་པ་ལྕོག་བཙུགས་ནས་བཞག་པ་ལྟར་ཤར་རེར་བརྐྱངས་ཤིང་། བརླ་དབྲག་ཏུ་ཁྲག་རལ་ཡོད་པའི་ཐོག་རྨ་ཁ་སྤར་ཕྱེད་ཙམ་ཡོད་པ་དེ་ལས་དམར་དྲི་ཐུལ་ཡོང་།
“ད་ཇི་ལྟར་བྱེད་དམ། ཁོང་ཚོས་བྱེད་གཏེ་འཇུ་མ་ཐུབ་ན་ངེད་གཉིས་ལ་ཉེས་པ་གཏོང་གི་ཡིན་གསུངས།”
“ད་ཐབས་ཤེས་ཅི་ཡོད་དམ། རི་ཀླུང་གང་སར་རི་དྭགས་དེ་འདྲ་ཁེངས་དུས་གང་འདྲ་བཀག་གམ། ལུག་ནང་བཞིན་ལྷས་རར་བཅུག་ནས་བྱ་ར་ནི་བྱེད་མི་ཐུབ། ཡིན་ནའང་། བྱེད་སྟངས་འདིར་བལྟས་ཚེ་རྐང་བཙུགས་ནས་ངེད་གཉིས་ལ་ཕྱོགས་པ་མིན་ནམ་བསམས།”
“ཤི་རོ་ཁུ་སིམ་མེར་སྦས་བཞག་ན་འགྲིག་གི་རེད་ཡ། གཅིག་གཉིས་མེད་པ་ཆགས་པར་སུས་ལྟོས་སམ།སྡུག་འདི་འདྲ་བཏང་ན་རྣམ་ཤེས་དམྱལ་བར་འགྲོ་ཁོ་ཐག་རེད།”
“གཅིག་བྱས་ན་ངེད་གཉིས་ཀྱིས་སྡུག་ཁག་གཏད་པ་དེ་འདྲ་ཞིག་གིས་ལན་བསྐྱལ་བ་ཡིན་སྲིད།”
“ཁྱོད་ཀྱིས་བྱས་ན་སུ་རེད།”
“ངས་ཁ་དགྲ་སྣ་དགྲ་བསགས་པ་དེ་འདྲ་མེད་ཡ།”
ཁོ་གཉིས་ཀྱིས་དེ་ལྟར་གླེང་མོལ་བྱེད་ཀྱིན་ཐ་མག་རྐང་རེ་འཐེན།ཉི་འོད་འོག་འཁྱགས་པས་བཏུམས་པའི་གྲམ་ཆུ་ནི་ཤིན་ཏུ་ཕྲ་བའི་ཤེལ་ལེབ་ལྷུ་སྒྲིག་དང་འདྲ་བར་གྱ་གྱུར་བསྣར།
ཁོ་གཉིས་ཀྱིས་ཤི་རོ་དེ་ཆུ་རགས་ཀྱི་ཁོག་རྡོ་བསྔོགས་ནས་ནང་དཀྱིལ་དུ་སྦས་པ་དང་། དེ་ནས་ཇི་ལྟར་ལན་འདེབས་པར་གྲོས་སྡུར་བྱས།
ཕྱིར་ཁྱིམ་དུ་སླེབས་དུས་ཉིན་གུང་ཟིན་པས་ཁོས་ཉོབ་མདངས་ངང་ཁ་པར་མནན།
“རྒན་ལགས། ཤི་རོ་དེ་ཁ་སྔོན་གྱི་དེ་ག་རེད་འདུག ངེད་གཉིས་ཀྱིས་སྦས་བཞག་པ་ཁྱིས་བསྔོགས་འདུག་པ་དེ་མི་བསམ་མེད་ཅིག་གིས་ཡར་བཏོན་པ་འདྲ།”
“ལགས་ལགས།རྗེས་མ་ནས་གཟབ་གཟབ་ཞུ་དང་ཞུ།”
“ལགས་ལགས།ད་རེས་ཡག་པོ་སྦས་ཆོག རྒན་ལགས་ཀྱིས་དགོངས་བསམ་གནང་བར་ཐུགས་རྗེ་ཆེ།དེང་སང་རི་དྭགས་དེ་ཚོ་ཤིན་ཏུ་མང་བ་ཐང་ལ་བབས་ཡོང་གི་འདུག་པས་དངོས་གནས་འགོག་ཁག་པོ་འདུག གནས་ཚུལ་མ་ལྷག་པ་གང་ཐུབ་ཅི་ཐུབ་ཞུས་ཆོག”
“ལགས་ལགས། དེ་འདྲ་ག་ནས་ག་ནས།”
“ཇོ་དབང་ཕྱུག ཁ་གསར་གད་འོག་གི་ཆུ་རགས་ཐོག་ཁྱིས་ཤི་རོ་ཞིག་ཟ་གིན་འདུག་པས་མགྱོགས་པོར་ལྟ་བར་རྒྱུགས།”
“ཡིན་གྱི་མ་རེད།”
“དངོས་གནས་ཡིན། ཡིད་མ་ཆེས་ན་ལམ་སང་ལྟ་བར་སོང་དང་།”
“ད་ཡིན་ན་བཀག་ནས་འགོག་ཐབས་མི་འདུག”
དབང་ཕྱུག་གིས་དོན་གྲུབ་ཕུན་ཚོགས་ཀྱི་གཏམ་དེ་གོ་དུས་ཁོའི་ངོ་གཉེར་བསྡུས་པའི་ངོ་གདོང་ལས་ཤིན་ཏུ་འུ་ཐུག་པའི་ཉམས་ཤིག་མངོན།
ད་ནངས་ཞོགས་པ་ང་ཐོད་ཀྱི་གྲོང་ཚོར་སོང་ནས་མར་ཡོང་དུས་རྩིགས་རགས་འཁྲིས་སུ་ཁྱི་ལྕགས་རག་ཅིག་དང་ནག་པོ་ཞིག་གིས་མགོ་བོ་གཡུག་གཡུག་ངང་ཅི་ཞིག་ཟ་གིན་ཡོད་པ་རྒྱང་ཐག་རིང་པོ་ནས་མཐོང་བྱུང་། ང་རང་འཁྲིས་སུ་སླེབས་ལ་ཁད་དུ་ཁྱི་དེ་གཉིས་བྲོས་སོང་ལ་གཉིས་ཀའི་མཆུ་ཏོ་ཁྲག་གིས་དམར་པོ་ཆགས་འདུག་པས། ངའི་སེམས་པ་དངངས་ནས་དཔེ་བསགས་འདུག་སྙམ་བྱུང་། གཅིག་བྱས་ན་ཕྲུ་གུ་ཆུང་ཆུང་ཞིག་གམ། ཡང་ན་ར་ལུག་ཁེར་ཡ་བྲལ་བ་དེ་འདྲ་ཞིག་ཟོས་པ་མིན་ནམ་སྙམ་ནས་ལྟ་དུས། ཉིན་ཤས་ཕྱིན་པ་མིན་ནམ་སྦོས་དྲི་ངར་མོ་འཐུལ་གྱི་འདུག བྱས་ཙང་ངས་ལམ་ཞོར་ཁྱེད་སར་ལན་སྐྱེལ་བར་ཡོང་བ་ཡིན།
“འོ་ཡག་བྱུང་།ང་ལམ་སང་ལྟ་བར་སོང་ཆོག”
དབང་ཕྱུག་གིས་དེ་ལྟར་བཤད་པ་དང་དོན་གྲུབ་ཕུན་ཚོགས་ལ་ཐ་མག་རྐང་གཅིག་མེ་བསྒོས་རྗེས་མཉམ་དུ་སྒོ་ལས་ཐོན།
“དོན་གྲུབ་ཕུན་ཚོགས་རང་རྫོང་ལ་འགྲོ་མཁན་ཡིན་པས།”
“ལགས་ཡིན། ཚོང་ཙག་ཙིག་འགའ་ཉོ་བར་འགྲོ་མཁན་ཡིན།”
“མགྱོགས་པོར་གཟིགས་པར་ཕེབས་ཤིག ངའི་གོ་ཐོས་སུ་དེ་ཚོའི་གྲས་པར་བླངས་ནས་རྫོང་ལ་སྙན་གསེང་ཞུ་དགོས་པ་མ་རེད་པས།”
“རེད་རེད།”
“བྱས་ན་མགྱོགས་ཙམ་ཕེབས་ཤིག གཞན་མ་གཏོགས་ཁྱིས་ག་ས་གང་ལ་དྲུད་དེ་ཁྱིམ་ཚང་ཞིག་གི་སྒོ་ཁར་སྐྱེལ་ན་རྣམ་རྟོག་སློང་གི་རེད།”
“ཡ་ཡ། སྔོན་མ་ཡིན་ཚེ་ཀླུང་ལ་རི་དྭགས་མཐོང་ན་རྣམ་རྟོག་སྐྱེ་ཡོང་།ད་ཡིན་ན་རི་དྭགས་ཀྱིས་མི་མ་མཐོང་ན་རྣམ་རྟོག་ལྟ་བུ་ཆགས་འདུག”ཅེས་ཟེར་གྱིན་གང་མགྱོགས་བཀྲ་ཤིས་དཔལ་ལྡན་བོས་ནས་ལྟ་བར་སོང་།
“རོ་ཁྱི་འདི་ཚོ་ཡིན་ན།”
བཀྲ་ཤིས་དཔལ་ལྡན་གྱིས་རྡོ་རིལ་ཞིག་བསྒྲུགས་ནས་ཁྱི་དེ་གཉིས་ཡོད་སར་ཤུགས་ཀྱིས་འཕེན་པས།ཁྱི་དེ་གཉིས་མདའ་མོ་གཞུ་ལས་བྲལ་བ་ལྟར་གྲམ་པའི་དཀྱིལ་དུ་བྲོས།
“ཡང་ཁ་སྔོན་གྱི་ཤི་རོ་དེ་མིན་ནམ།”
“རེད་ཤག ལྟོས་དང་། སྤུ་ཁ་དང་རྭ་ཅོ།ལུས་བོངས་ཆེ་ཆུང་ལ་བལྟས་ན་དེ་རང་རེད་འདུག”
“ལྟས་ངན། མི་གཅིག་གིས་ཡར་བསྔོགས་པ་མིན་འགྲོ། རྡོ་ཆེན་པོ་དེ་འདྲ་ཁྱིས་ག་ནས་སློག་ཐུབ།”
“མཐོང་འདོད་ལ་རྒྱ་འདོད་རུང་ཟ་ཁོག་སྐམ་པོར་སྤུ་མ་སྐྱེས་པ་སུ་ཞིག་ཡིན་ནམ།”
“ངས་བྱས་ཚེ་ད་ནི་སུ་ཡང་དོགས་ཡོད་རེད།”
“གོ་ཐོས་སུ་རྟ་མགྲིན་བློ་བཟང་གིས་ཁ་སྔོན་ཤི་རོ་ཞིག་བསྒྲུགས་ཏེ་ཁྱིམ་ལ་ཁྱེར་བས་གཏོ་བཅོས་མང་པོ་བྱེད་དགོས་བྱུང་བ་འདྲ།”
“རྣམ་རྟོག གླ་རྩིའང་ངོ་མི་ཤེས་པ་དེ་འདྲ།”
ཁོ་གཉིས་ཀྱིས་ཤི་རོ་དེ་དག་ཚལ་བུར་བསྲེས་ནས་གྲམ་པའི་དཀྱིལ་དུ་གཡུགས།
“ད་ལོའི་གཡང་དཔོན་ལོ་གསར་སྐབས་སངས་ནོར་ལ་ལག་རྔན་ཅི་ཞིག་སྤྲད་ན་དགའ་འམ། གོས་སྣེ་རེ་སྤྲད་ནའང་མི་འགྲིག དུ་ཆང་ཁྱེར་མཁན་ཡང་མང་། ད་ནི་སྤྲད་བྱ་ཞིག་ཀྱང་མི་འདུག”
ཡུད་ཙམ་སོང་རྗེས། བཀྲ་ཤིས་དཔལ་ལྡན་གྱིས་དེ་ལྟར་བཤད།
“སངས་ནོར་དོན་གྲུབ་པདྨར་དགའ་བ་མིན་ནམ། ངོ་སྤྲོད་བྱེད་དང་ལག་རྟགས་ཡག་ཤོས་རེད།”
དབང་ཕྱུག་གི་ལན་དེས་བཀྲ་ཤིས་དཔལ་ལྡན་རང་དབང་མེད་པར་གད་མོ་ཤོར།
“རྟ་གཡག་གལ་ཏ་མགོ་སྦྲེལ་ཆགས་པ་མ་རེད་པས”ཟེར།
“ག་ནས་ཡིན་པ།མོས་ཁ་མ་གྲག་པ་མ་གཏོགས་བསམས་ནས་བསྡད་ཡོད་རེད། ཁོ་གཉིས་བྱུང་ན་སངས་ནོར་གྱི་ས་ཞིང་མུའུ་གསུམ་པོ་དེའང་འདེབས་ལས་བྱེད་དགོས་མེད་པར་མོས་སྣང་དག་མེད།”
“དེ་ལས་འདི་རྫོང་ལ་སྙན་གསེང་ཞུ་དགོས་སམ།”
“གཡུགས་ཞོག ཁ་སྔོན་ཤི་རོ་དེ་རང་ཡིན་པས་དོན་མེད་རྙོག་དྲའི་སྒམ་ཆུང་ཕྱེ་ནས་གང་ཡོང་།”
ཉིན་མ་དགུང་ཕྱེད་དུ་སླེབས་ཤིང་། གནམ་ངོ་གཡའ་དག་པས་སྤྲིན་པ་ལྷེབ་ཙམ་ཡང་མེད། ཁོ་གཉིས་ཀྱིས་ཐ་མག་འཐེན་གྱིན་སོང་ཞིང་།དུ་བ་དག་སྔོ་ལྷོག་ཙམ་བྱས་མ་ཐག་ལྷགས་རླུང་གིས་བསྲེད་འགྲོ །
རྩོམ་པ་པོ་ངོ་སྤྲོད།
ནམ་མཁའ་བཀྲ་ཤིས། 1987ལོར་ལྷོ་ཁ་གྲ་ནང་རྫོང་གྲ་ཕྱི་ཤང་མཚོ་མོ་མཐིལ་གྲོང་ཚོར་སྐྱེས། 2011ལོར་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོ་ནས་སློབ་མཐར་ཕྱིན། སྔ་ཕྱིར་གཞིས་ཀ་རྩེ་གམ་པ་རྫོང་དང་རིག་རྩལ་ལྷན་ཚོགས་སུ་ལས་ཀ་གཉེར། ད་བར་བརྩམས་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས་གཟུགས་འགྱུར་བའི་སྒོ་ང་དང་ཆུ་བོ་ལོ་ཧི་ཏའི་འགྲམ་ངོགས། བསྒྱུར་རྩོམ་ཕྱོགས་བསྒྲིགས་ངག་རྒྱུན་དང་བྱིས་སྒྲུང་བསྒྱུར་རྩོམ་ཕྱོགས་བསྒྲིགས་བོད་ཀྱི་གཅེས་ཕྲུག་བཅས་ཡོད། ད་ལྟ་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། གཞིས་ཀ་རྩེ་གྲོང་ཁྱེར་རྩོམ་པ་པོ་དང་དམངས་ཁྲོད་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཛིན་བཞིན་མཆིས།