སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།
སྐལ་བ་ས་ལ་ཆགས་པ་ནས་ཕྲུ་གུའི་ཕ་ནི་ཆུ་ལྷམ་ཡིན་ཟེར་བ་ཞིག་གོ་མ་མྱོང་། ཡུལ་དཔོན་སྟག་གཟིག་གི་ཀླད་པའི་ནང་དུ་སྐད་ཆ་དེ་ཡང་ཡང་འཁོར་ཞིང་ཁྲེལ་དགོད་ཅིག་ལངས། ལྷ་སྐྱིད་ཀྱི་བུ་མོའི་ཕ་ལྷ་བུ་ཡིན་མིན་གྱི་འདྲི་གཅོད་མཚམས་བཞག་ཀྱང་། ཡུལ་དཔོན་གྱིས་ལག་གཡས་པའི་སེན་མོས་ཁ་སྤུ་དེ་ཛ་དྲག་གིས་མ་བཏོགས་ན། གསང་བ་ཅི་ཞིག་འཆོར་འགྲོ་བ་ལྟར་སེན་མོས་སྤུ་རྐང་རེ་རེ་བཞིན་འབལ་ཞིང་གུང་ཟས་བཟའ་རྒྱུ་ཡོངས་སུ་བརྗེད་འདུག
ལྷ་སྐྱིད་ནི་ཡུལ་དཔོན་སྟག་གཟིག་གི་འདྲི་གཅོད་དེས་སྡུག་ར་རོ་ཙམ་ཞིག་ལུག་སྟེ་རྒྱ་སྒོ་ནས་ཐོན་པ་དང་། ཐད་ཀར་གཞུང་ལམ་འགྲམ་གྱི་ཇ་ཁང་དེར་འཛུལ་ཞིང་། རྫི་ཇ་དང་རྩམ་པ་མངགས་ཀྱང་མི་འདུག་པས། མོས་འོ་ཐུག་དང་འོ་ཇ་བོས་ཀྱང་ཁོ་ཚོས་བོད་ཐུག་ཅིག་དང་ཇ་མངར་མོ་ཞིག་བཞག དེ་དུས་མོ་ཁྱིམ་དུ་ལོག་འདོད་སྐྱེས་ཤིང་འོ་ཐུག་དྲན་བྱུང་། མོའི་འོ་ཐུག་ལ་ཁྱད་ཆོས་ཡོད་དེ། འོ་ཐུག་ཕོར་པ་གང་རེ་བཏུང་ཚེ་རྐང་པ་ནས་ཚ་དྲོད་འཕེལ་ཏེ་རིམ་བཞིན་གཟུགས་པོ་ཡོངས་ཆུ་ཚན་ནས་བཏོན་པ་ལྟར་རྔུལ་ཆུ་འགྲིལ་ཡོང་། འོ་ཐུག་བཏུང་ཞིང་ཉལ་ན་ནུབ་མོ་ཆུ་ལྷམ་ལྟ་བུའི་རོལ་མོ་སྙན་པོ་ཞིག་འཁྲོལ་རྒྱུ་ཡོད། མོས་དབུགས་རིང་ཞིག་ཁ་ནས་ཕྱུངས་པ་དང་། མི་ཟེར་དགུ་ཟེར་བྱི་ཕྲུག་གི་ཕ་ངོས་བཟུང་བ་དེའི་རྙོག་གྲ་ཚ་ལ། ཕ་ངོས་ཟིན་ན་ཐེམ་ཐོ་མཉམ་དུ་བཟོ་རྒྱུ་རེད། ཐེམ་ཐོ་མཉམ་དུ་བཟོས་ན་ངའི་ཁྱིམ་རྒྱུད་འཐོར་ཚར་བ་མ་རེད་དམ། དཔེ་མི་སྲིད་སྙམ་ཞིང་། ཡང་བསྐྱར་ཤུ་རིང་ཞིག་ཤོར། མོ་གྲོང་དུ་མོ་གཅིག་པུ་མ་གཏོགས་བུད་མེད་ཀྱི་ཁྱིམ་རྒྱུད་གཅིག་ཀྱང་ལྷག་མེད། མོའི་ཁྱིམ་རྒྱུད་ནི་ཆུ་ལྷམ་ལྟ་བུའི་བྱི་ཕོའི་འཁོར་དུ་བསྐོར་ནས་ཡོང་བས། མོ་རང་མུ་མཐུད་ཁྱིམ་རྒྱུད་བསྐྱངས་ཤིང་བྱི་ཕོའི་རྗེ་བོ་བྱ་འདོད་པ་ལས་མག་པ་བཞག་ནས་དྲན་པའི་ཁྲོན་སྒོ་གཏན་འདོད་རྩ་བ་ནས་མེད། མོའི་དངངས་སྐྲག་ཆེ་ཤོས་ནི། ཐེམ་ཐོ་དང་། མག་པ། སྦྲུམ་འགོག སྲུང་ཤུབས་བཅས་ཡིན། ཐ་སྙད་དེ་དག་རྨི་ལམ་འཁྲུག་པར་བརྩི་ཞིང་དྲན་ཕོད་ཀྱི་མེད།
གཞུང་ལས་ཁང་གི་དབུ་ཁྲིད་ཁ་སྤུ་སེན་བཏོག་བྱེད་མཁན་དེ་ཡང་སྡེ་དཔོན་ལྷ་བུའི་ཉེ་འབྲེལ་མིན་ནམ། ཁོང་གཉིས་གདོང་རིས་འདྲ་ལ། ཁོ་ལ་ཕྲུ་གུའི་ཕ་ཞིག་ངེས་པར་བཤད་དགོས་ན། ཆུ་ལྷམ་གྱོན་མཁན་ལྷ་བུ་ཡིན་བཞིན་དུ་བཤད་ཅི་ལ་མི་ཆོག བྱི་ཕོ་བརྒྱ་འགྲོ་སྟོང་གཤར་ནང་དུ་ཆུ་ལྷམ་གྱོན་མཁན་ལྷ་བུ་མ་གཏོགས་མེད་སྙམ་ཞིང་སླར་ཡང་ཆུ་ལྷམ་གྱི་རོལ་མོ་ཡིད་ལ་འཁོར།
ལྷ་སྐྱིད་ཀྱིས་དགོང་མོ་དེར་སྤྱིར་བཏང་ལྟར་མེ་སོན་ཐབ་ཁུང་དུ་བསྙལ་ཞིང་། ཁང་སྒོའི་འདན་བུ་དེ་བྱི་ཕོ་ཚོས་གྲི་རྩེས་སྐོར་ཁྱིས་སྐོར་རྒྱུག་དམུར་བ་ལྟར་གཅོད་ལ་ཁར་བཏང་ཞིང་འདན་རྒྱུ་མི་འདུག་ཀྱང་། ནང་ནས་དབྱུག་པ་ཞིག་གིས་གསེག་འདྲེད་བཏབ། གལ་ཏེ་འདྲེད་རྟིང་ས་སྦུག་ཏུ་བཅུག་ཅིང་རྡོས་མནན་ན་སྒོ་གླེགས་ལ་མནར་གཅོད་གཏོང་བ་འདྲ་བས། དབྱུག་པ་དེ་སྒོ་གླེགས་རླུང་བུ་ཁོག་ཙམ་བྱས་ནས་བཞག
མོ་རང་རྨི་ལམ་སད་མ་ངོགས་སུ་ཆུ་ལྷམ་གྱོན་པའི་བྱི་ཕོ་ཞིག་མོའི་འཁྲིས་སུ་སླེབས་པར་མ་ཟད་རུམ་དུ་འཛུལ། ཆུ་ལྷམ་གྱི་ཙིར་སྒྲ་དང་ཅལ་སྒྲ་སྙན་མོ་ཞིག་ཁང་པའི་ནང་བྲག་ཅར་མཆེད་པ་དང་། སྡེ་དཔོན་ལྷ་བུའི་ཆུ་ལྷམ་རོག་ཀྱུག་ཀྱུག་དེ་ཡིད་ལ་འཁོར་ཞིང་། མེ་ཏོག་དང་འཇའ་ཚོན་བཀྲ་བའི་མཚོ་ཁ་ཞིག་ཏུ་ཨ་མ་དང་འདྲ་བའི་ངང་པའི་གཤོག་སྟེང་དུ་བཞག་ཅིང་འཕུར་ལྡིང་ངང་གཤོག་རླབས་ཀྱི་ཅལ་སྒྲ་དང་ཆུ་ལྷམ་གྱི་ཙིར་སྒྲས་མཚན་མོའི་ལྷིང་འཇགས་དཀྲོགས་སོང་། དེ་ནས་བཟུང་སྟེ་ཆུ་ལྷམ་གྱི་རོལ་མོ་ཡིད་ནས་ཡལ་རྒྱུ་མི་འདུག མོ་རང་ཡང་ངང་པ་ཞིག་དང་འདྲ་བར་གཤོག་རླབས་བསྐུམ་རྒྱུ་མི་འདུག ཆུ་ལྷམ་གྱི་ཅལ་སྒྲ་གཟུགས་ཅན་ཞིག་ལྟར་མོའི་ལྟོ་བ་ཇེ་ཆེར་སྦོས། དེ་དུས་མོའི་སྒོ་འགྲམ་དུ་ཆུ་ལྷམ་གྱི་རྗེས་པདྨ་འདབ་བརྒྱད་ཅིག་ཡོད་པ་གཞི་ནས་དྲན་སོས་བྱུང་། དེ་རིང་མོས་ཡུལ་དཔོན་མདུན་དུ་ཕྲུ་གུའི་ཕ་ཆུ་ལྷམ་ཡིན་པར་བཤད་པ་དེ་ཡིད་ལ་འཁོར་ཞིང་བོད་ཐུག་འཐུང་རྒྱུ་བརྗེད། བོད་ཐུག་གི་དྲོད་རླངས་དང་ཇ་མངར་མོའི་ཇ་རླངས་གཉིས་སྐྱ་འཐབ་སྟེ་བསང་བདུག་བྱས་པ་བཞིན་རླངས་པ་འཕྱུར། རླངས་པ་དེས་མོའི་ངོ་གདོང་དུ་ལུ་གུས་བལྡགས་པ་བཞིན་བྱིལ་བྱིལ་བྱས།རླབས་ཕྲན་དེ་ཡང་གུར་གུམ་བཏབ་པའི་ཟེགས་མ་ཞིག་དང་འདྲ་བར་མོའི་ངོ་གདོང་དཀར་བ་དང་མཁུར་བ་དམར་བ་གཉིས་ཡུག་གཅིག་ཏུ་དམར་པོར་བསྒྱུར་སོང་། ཇ་མངར་མོ་གྲང་ཐག་ཆོད་པ་དེ་གཞི་ནས་ཧུབ་གང་བཏུངས་ཤིང་། བོད་ཐུག་དེ་ཀོར་རུའི་གོང་དུ་སྐུད་པ་བསྒྲིལ་བ་ལྟར་ཐུར་མའི་གོང་དུ་དཀྲིས་བརྒྱབ། བོད་ཐུག་གི་སྐུད་པའི་སྣེ་ནས་ཁུ་བའི་ཐིགས་པ་བྲེང་བྲེང་པང་གདན་ཕྲུག་མའི་གོང་དུ་འཐོར་ཡང་མ་ཚོར་བར། མོའི་མིག་སྔུན་དུ་ངང་པ་ཟུང་གིས་གཤོག་པ་བརྐྱངས་ཤིང་འདུག མོའི་འཇམ་མཉེན་གྱི་ལྟོ་བ་ནས་དྭངས་གཙང་གི་བྱིས་པ་ཞིག་བཙས། སྐྱེ་མགོ་དེ་བུ་མོ་ཡིན་པས་མོ་རང་བསམ་དོན་ཡོངས་སུ་འགྲུབ་སོང་སྙམ། མོའི་ཁྱིམ་རྒྱུད་བུ་མོས་འཛིན་ཞིང་ཡོད་པས་བུ་མོ་དགུ་བཙས་ཀྱང་སྐྱོན་མེད་པར་བསམ་མྱོང་། ཆུ་ལྷམ་ཡིད་ལ་འཁོར་ཏེ་བུ་མོ་དེར་ཆུ་ལྷམ་ཞེས་མིང་བཏགས།
མོས་དེ་ལྟར་བསམ་ཞིང་ཤུགས་ཀྱིས་དབུགས་རིང་ཞིག་བཏང་བ་དང་བོད་ཐུག་འཐུང་མགོ་བརྩམས། མོ་ཐུར་མར་བྱང་ཆ་མེད་པས་ཐུར་མའི་གོང་དུ་བོད་ཐུག་སྐུད་པ་ཁ་ཤས་བསྒྲིལ་ཡོད་པ་དེ་ནས་མཛུབ་མོས་བླངས་ཤིང་ཁ་རུ་བརྫངས། བོད་ཐུག་གི་སྐུད་པའི་ཡས་སྣེ་མིད་བར་ནས་མིད་ཀྱང་མས་སྣེ་ཁ་ཤའི་གོང་དུ་ལུས། ལམ་སང་ལྕེ་ལེབ་ཀྱིས་འབུད་རྒྱག་བྱས་ཤིང་ཡར་བརྔུབས་པ་དང་སོ་ཡིས་མ་འཆུན་པའི་ཟེགས་མ་ཞིག་ཨོལ་ཀྲོང་དུ་ཤོར་བས། ལུད་པ་ཛ་དྲག་ཅིག་ཁ་ནས་ཐོན་ཞིང་ས་ལུ་གནམ་ལུ་བྱས། དེ་དུས་གཞི་ནས་མོའི་ཡིད་ཀྱི་ངང་པ་ཆ་གཅིག་དཀྲོགས་ཤིང་ཇ་ཁང་དུ་མི་མང་པོས་འགྲིག་ཤྭོ་རྩེད་བཞིན་ཡོད་པ་རྣམས་མོའི་ངོ་གདོང་དུ་ཡེངས་ཡོད་པ་ཚོར། མོས་རྩག་པའི་ཕུ་རུང་གིས་མཆུ་བསུམ་བཞིན་ལུད་པ་ལུ་ཞིང་སྒྲེགས་སྐྱུགས་བྱས།
ཡུལ་དཔོན་སྟག་གཟིག་གིས་གུང་ཟས་གྲང་མོ་ཆགས་ཀྱང་སེན་མོས་ཁ་སྤུ་འཚོལ་གྱིན་མིག་སྣ་མགོར་ཕབ་འདུག དེ་སྔོན་མགོ་ཁྲིད་བྱས་ནས་མ་སོང་ས་ཞིག་མེད། བུ་མོ་དེ་འདྲ་ཞིག་དང་ཐུག་མ་མྱོང་། བྱིས་པའི་ཕ་ནི་ཆུ་ལྷམ་གྱོན་མཁན་ཞིག་ཡིན་ཟེར། བྱིས་པ་དེ་མཚོ་ཁར་ངང་པ་ལྡིང་སྐབས་སྐྱེས་སོང་ཟེར། ད་དུང་ཁ་བའི་ནང་དུ་རྐང་རྗེས་པདྨ་འདབ་བརྒྱད་བབས་འདུག་ཟེར། ལྷ་བུ་སྡེ་དཔོན་དུ་སླེབས་སྐབས་ཆུ་ལྷམ་གྱོན་འདུག་ཟེར། སྐད་ཆ་དེ་འདྲ་ཞིག་གིས་བྱིས་པའི་ཕ་གཏན་ཁེལ་ལམ། ལྷ་བུ་སྐབས་དེར་གྲོང་ཚོའི་སྡེ་དཔོན་དུ་སླེབས་པར་ཆ་བཞག་ན་ཡང་ཁོས་བྱི་ཕོ་སོང་བར་ཁས་མ་བླངས་ན་ཐག་ཇི་ལྟར་གཅོད། ལྷ་སྐྱིད་ཀྱིས་ཁ་ཡར་གྲག་མར་གྲག་ཆུ་ལྷམ་རེད། ད་དུང་ཐེམ་ཐོ་མི་དགོས། ཕ་སྐལ་མི་དགོས། སྦྲུམ་འགོག་མི་དགོས་ཟེར་ཞིང་མོའི་སྐད་ཆ་དེ་ཆོབ་ཚ་བ་ལ་བསམས་ཤིང་ཐུར་མ་འཆང་འཆང་ལ་གུང་ཟས་རྦད་དེ་གྲང་མོར་གྱུར།
ལྷ་སྐྱིད་ཀྱིས་བུལ་ཐུག་ཁམ་གང་ལས་མ་ཟོས་ཀྱང་སྒྲེགས་སྐྱུགས་དེས་ཕོ་བ་རྒྱགས་ཤིང་ངོ་གདོང་ར་གློ་ལྟར་དམར་རྐྱང་ཆགས་སོང་། མོའི་མིག་ལམ་དུ་ངང་པ་ཆ་གཅིག་དང་འདྲ་བའི་ཆུ་ལྷམ་འོད་འཚེར་འཚེར་ཞིག་འཁོར་ཞིང་། མོ་རང་ཡང་ཆུ་ལྷམ་འོད་ཀྲིག་ཀྲིག་གྱོན་མཁན་གྱི་ཕ་མ་ཟུང་གི་བུ་མོ་མིན་ནམ། མོས་དེ་ལྟར་དྲན་དུས་ཨ་མ་ཞེས་འབོད་པའི་ཨ་ཡེ་དེ་མིག་སྔུན་དུ་འཐེན་པ་ལྟར་ཤར་བྱུང་། མོས་ཆུང་དུས་ཨ་ཡེའི་པུས་མོ་ནས་བཅངས་ཤིང་ཨ་མ་ངའི་ཕ་སུ་རེད་ཅེས་ཡང་ཡང་དྲིས་མྱོང་། དྲེལ་སག་གཉེར་མ་ལས་སྦོམ་པའི་ཨ་ཡེའི་གདོང་པ་ནས་གཉེར་འཛུམ་སྣུམ་བག་ཤིག་ཤིག་ངང་། མ་ལོ། ངས་ང་རང་གི་ཕ་སུ་ཡིན་ཤེས་ཀྱི་མེད། ཁྱིམ་ཚང་འདི་མ་རྒྱུད་ཀྱི་གཞིས་ཀ་ཡིན་པས་ཕ་མིང་དྲིས་ནས་ཅི་མཁོ། ཞེས་ཨ་ཡེས་ཁ་མོལ་མོལ་ངང་མ་ཎི་བགྲངས་ཀྱང་། མོས་ཨ་ཡེའི་རྣ་བ་ནས་འཐེན་ཞིང་ཨུ་ཚུགས་ཇེ་ཆེར་བཏང་། ཨ་ཡེས། ཁྱོད་ཀྱི་ཕ་ནི་ཆུ་ལྷམ་གྱོན་མཁན་ཞིག་ཡིན། ཁྱོད་ཀྱི་ཨ་མ་ལྷ་སྐྱིད་ནི་ཆུ་ལྷམ་གྱོན་མཁན་དེས་ལམ་བཟོ་རུ་ཁག་གྲལ་དུ་ཁྲིད་སོང་། སྐབས་དེར་ཁྱོད་ནི་ཨ་ཡེ་ངས་ཁྱིམ་རྒྱུད་སྐྱོང་མཁན་གྱི་ནོར་བུར་བརྩིས་ནས་བཟུང་བསྡད་པ་ཡིན། ཨ་ཡེའི་སྐད་ཆ་དེས་མོའི་མིད་པ་བརྣངས་པ་བཞིན་ཡུད་ཙམ་ཁེགས་རྗེས་ཨ་མ་ཕྱིར་མ་ལོག་པ་ཅི་རེད། ཅེས་མོས་ངུ་སྐད་སིང་སིང་གིས་དྲིས་མྱོང་མོད། ཨ་ཡེས་ཧུ་ཤུ་རིང་པོ་ཞིག་གཏོང་ཞོར། ཁྱོད་ཀྱི་ཨ་མ་ལྷ་སྐྱིད་ཀྱིས་ས་རྐོ་རྡོ་སློག་བྱས་པས་ས་བདག་ལ་ཕོག་ཐུག་ཤོར་ཏེ་རི་ཉིལ་ནས་རྐྱེན་ལམ་དུ་བུད་སོང་། ཁྱོད་ནི་ཨ་མ་དང་ཤིན་ཏུ་འདྲ་བས་ངས་ལྷ་སྐྱིད་ཟེར་ནས་བཏགས་པ་དེ་ཨ་མར་དྲན་གསོ་བྱེད་ཆེད་ཡིན། མོའི་རྣ་ལམ་དུ་དེ་ལྟར་ཐོས་མྱོང་ཞིང་དེ་དུས་ཨ་མ་རུ་འབོད་པའི་ཨ་ཡེ་དེ་ཡང་འཁར་བའི་གོང་དུ་སིག་སིག་འདར་བ་མཐོང་མྱོང་། དེ་ནས་བཟུང་སྟེ་ཆུ་ལྷམ་ཟེར་བའི་དྭངས་གཙང་གི་ཨ་ཕ་ཟུང་ཞིག་མོའི་སེམས་ཀྱི་གཏིང་ལ་པར་དུ་བཏབ་པ་ལྟར་བཀོད་འདུག སྐད་ཆ་ཡང་བསྐྱར་འདྲི་བསམ་དུས་ཨ་ཡེ་མི་ཡུལ་ན་མེད། མོ་རང་ཆུ་ལྷམ་གྱོན་མཁན་ཞིག་གི་བུ་མོ་ཡིན་ཐག་ཆོད་ཡིན་བསམ་ཞིང་། བྱིས་པ་རྣམས་ཀྱིས་མོར་བྱི་ཕྲུག་ཟེར་ཡང་མོས་ང་ནི་བྱི་ཕྲུག་མིན། ཆུ་ལྷམ་གྱི་བུ་མོ་ཡིན་ཞེས་བརྗོད་མྱོང་། ཆུ་ལྷམ་དྲན་པ་དང་སེམས་ལ་བརྗོད་མི་ཤེས་པའི་དགའ་དུང་ཞིག་སྐྱེས་ཡོང་ཞིང་། དེ་མ་ཉིད་དུ་སེམས་ཀྱི་གཏིང་རིམ་ནས་འཕྱུར་བའི་མངར་ཁུ་དེ་མིག་ཀོང་དུ་གཤེར་ཁུ་དྭངས་མོ་ཞིག་ཏུ་སྦྲུམ་ནས་འཐོར་འགྲོ། མོས་ཅི་ཞིག་མཐོང་བ་དང་ཆུ་ལྷམ་ཡིད་ལ་འཁོར་ཡོང་ཞིང་འབྲི་མོ་བཞོ་དུས་ཤག་ཤག་གི་སྒྲ་དེ་ཆུ་ལྷམ་གྱི་ཤག་སྒྲ་ཡིན། མདོང་མོའི་ནང་དུ་འོ་མ་དཀྲུགས་དུས་ཀྱི་ཤག་སྒྲ་དེ་ཡང་ཆུ་ལྷམ་གྱི་ཤག་སྒྲ་ཡིན། ཐ་ན། ཆར་པའི་ཤག་སྒྲ་དང་། རྦབ་ཆུའི་ལྷུང་སྒྲ། དར་ལྕོག་གི་ཐག་སྒྲ། འདོད་པའི་འཁུན་སྒྲ་ཚུན་ཆོད་ཆུ་ལྷམ་གྱི་ཅལ་སྒྲ་ཡིན་ཞིང་ཅི་འདྲའི་སྙན་ཨང་། ངང་པ་དང་རྫིང་བུ། གདུབ་ཀོར་དང་ཉི་འོད། འཇའ་ཚོན་དང་དྲོད་འཇམ་རྣམས་འོད་ཀྲིག་ཀྲིག་གི་ཆུ་ལྷམ་ཡིན་ཞིང་ཅི་འདྲའི་མཛེས་ཨང་། དེ་དུས་མོས་ཨ་མའི་ཞལ་རས་མཐོང་ཞིང་ཨ་མ་ཞེས་འབོད། མོའི་སྐད་སྒྲ་དེས་དཀྲོགས་ཤིང་མཚོ་ཁའི་ངང་པ་ཟུང་གིས་ཆུ་ལྷམ་ལྟ་བུའི་གཤོག་པ་བརྐྱངས་ཤིང་འཕུར་ཡོང་། མོས་དེ་ལྟར་དྲན་ཞིང་ཡང་བསྐྱར་མིག་ཀོང་ནས་དྭངས་གཙང་གི་རྫིང་བུ་འཁྱིལ་བྱུང་བས། ཚེ་སྲོག་གི་བདུད་རྩི་དེ་ཕྱི་རུ་བྱོ་བར་དོགས་ཤིང་། མིག་ལྕིབས་མགྱོགས་པོར་བརྡབས་ཤིང་སྐེམ་ཐབས་བྱས། ད་དུང་མོས་རྩག་པའི་ཕུ་རུང་གིས་བྱབ་ཅི་ཐུབ་བྱས།
ལྷ་བུས་ཆུ་ལྷམ་གྱོན་ཞིང་བྱི་ཕོ་སླེབས་པའི་ཚུན་ཆོད། ཆུ་ལྷམ་གྱོན་མཁན་གྱི་བྱི་ཕོ་གཅིག་ཀྱང་མཐོང་མ་བྱུང་། ཡུལ་མི་རྣམས་ཀྱིས་མོ་ལ་མོ་དུད་ཟེར་ཏེ་མཐོང་ཆུང་གིས་འབོད་ཀྱང་། མུན་རུབ་ལོང་མེད་པར་བྱི་ཕོ་རྣམས་ནི་གཅིག་ལས་གཅིག་ཨུ་ཚུགས་དང་འཚང་ཁ་ཆེ་ཞིང་། མོས་རྩག་པའི་གོང་བ་ཡུད་ཙམ་རེ་གློད་ཕྱི་བྱས་ན། ད་ལྟ་ནས་དམྱལ་བར་བཏིག་འགྲོ་བ་ལྟ་བུའི་ཚོད་ལ་སྨྲེ་ངག་འདོན་པར་མ་ཟད་མཆི་མ་འགྲིལ་ཞིང་མཐེ་བོང་ཚུན་ཆོད་སློང་། མོ་ནི་མཚན་མོར་བྱི་ཕོའི་རྗེ་བོར་ཆགས་ཤིང་སྐྱིད་ཅིག་ཡོད། མོ་གྲོང་དེར་ཐོག་མར་མོ་ལྟ་བུའི་མཚན་མོར་བྱི་ཕོ་རྣམས་ལ་གསང་བའི་འཁོར་ལོས་དབང་བསྐུར་མཁན་མང་པོ་ཡོད་ཀྱང་ད་ནི་མོ་གཅིག་པུ་ལས་མེད། བྱི་ཕོའི་ནང་དུ་མི་ཆེན་ཁེ་དབང་ཅན། དཔོན་ཆེན་གོ་ས་ཅན། བླ་མ་ཆོས་གོས་ཅན། གཅོད་པ་རལ་པ་ཅན། དམག་དཔོན་མཚོན་ཆ་ཅན། ཐ་ན་སྤྲང་པོ་དབྱུག་པ་ཅན་ཡན་ཆོད་སླེབས་མྱོང་ཡོད། དེ་དག་སླེབས་ཤུལ་དུ་ཕྲེང་བ་དང་། ཐམ་ག ཕོར་པ་ཚུན་ཆོད་ལུས་པ་མཐོང་རྒྱུ་ཡོད་ཀྱང་ཆུ་ལྷམ་གཅིག་ཀྱང་ལུས་མ་སོང་། མོ་རང་ཆེས་དགའ་ཤོས་ནི་མཚན་མོ་ཡིན་ཞིང་། ཉིན་མོ་ལྟ་བུར་འཛེམ་དོགས་གནོང་བཅོས་བྱེད་མི་དགོས་པར་སོ་སོའི་བདེ་སྐྱིད་ལ་ལོངས་སྤྱད་རྒྱུ་ཡོད། མཚན་མོར་གནམ་རྒན་མས་མི་རྣམས་ལ་རང་གཤིས་རྗེན་པར་བསྟན་པའི་དུས་ཚོད་བཟོས་ཤིང་སྒྲེན་མོར་རྒྱུ་ཡང་ཆུ་ལྷམ་ལྟ་བུའི་ལྭ་བ་ཞིག་གིས་སྒྲིབ་གཡོག་བྱེད་ཀྱི་ཡོད།མཚན་མོར་བྱི་ཕོ་རྣམས་ཀྱིས་མོ་ལ་དགའ་བའི་ངང་མོའི་སྐད་ཀྱི་དར་དིར་སྒྲོག་ཅིང་ཆུ་ལྷམ་ལྟ་བུའི་རོལ་མོ་འཁྲོལ་བར་བྱེད། ཐ་ན་མོའི་རྔུལ་ཆུ་དང་བ་སྤུ་ཚུན་ཆོད་བྱིན་རླབས་དང་བདུད་རྩི་ལྟར་ལོངས་སུ་སྤྱོད། གལ་ཏེ། བྱི་ཕོ་འགྲོ་མི་ཆོག་ཟེར་བའི་དྲིལ་སྒྲོག་བྱེད་མཁན་ཁོང་གཉིས་ཀྱང་མཚན་མོར་ཡིན་ན་བྱི་ཕོར་སླེབས་ཤིང་། མོའི་ཁར་ཉན་པར་ཐེ་ཚོམ་མེད། མོས་བྱིས་པའི་ཕ་ཆུ་ལྷམ་ཡིན་ཟེར་ན། ཁོང་གཉིས་ཀྱིས་དེ་རེད་དེ་རེད། ཟེར་ནས་མགོ་བོ་ལྡེམ་པ་ལས་དེ་རིང་ལྟར་ཡིན་མིན་བཅོ་བརྒྱད་འདྲི་ག་ལ་ཕོད་ཨང་། མོས་དེ་ལྟར་བསམས་ཤིང་ཁོག་ནས་འཛུམ་ཞིག་ལངས།
སྤྱིར་བཏང་མོ་ནི་ཉིན་དཀར་ནོར་ལུག་གི་རྗེས་སུ་བསྐྱོད་པ་ལས་མི་ཚོགས་ཀྱི་གསེང་དུ་དེ་ཙམ་འགྲོ་འདོད་མེད། ནོར་ལུག་རྣམས་སོ་སོའི་དགའ་ཕྱོགས་ལྟར་ཟ་འཐུང་དང་འདོད་པ་རོལ་ཆོག་པ་དེར་མོས་ཤིན་ཏུ་མཛེས་པར་མཐོང་། འོན་ཀྱང་། མོ་རང་བྲག་ནག་གྲོང་རྡལ་དབུལ་ཐར་ཕྱུག་འགྱུར་གྱི་བྲོ་གླུའི་ཉིན་མོར་མི་ཚོགས་གསེང་དུ་ཐེངས་གཅིག་སོང་། ཁོ་ཚོའི་གླུ་ནི་ཨ་ལ་ཡེ་ཞེས་རང་ཤུགས་སུ་འགུགས་པ་ཞིག་མིན་པར་རོལ་ཆ་ཞིག་ལ་བསྟུན་ཞིང་འདུག སྡེ་དཔོན་གསར་བུ་དེས་ཆུ་ལྷམ་ངང་པ་འདྲ་བ་ཞིག་གྱོན་པ་དང་། ཉི་འོད་ཀྱི་ལྡོག་འཕྲོས་ཆུ་ལྷམ་གྱི་འོད་ཟེར་མོའི་མིག་ལ་ཟུག་པ་འདྲ་ཞིག་བྱུང་། མ་གཞི་ཆུ་ལྷམ་དེའི་ཚོས་གཞི་ནག་པོ་ཡིན་ཡང་མོའི་མིག་ལ་དཀར་པོ་དཀར་རྐྱང་ངང་པ་ཆ་གཅིག་དང་འདྲ་བར་འཚེར་ཡོང་། མོས་ལན་བུའི་བར་ནས་གསར་བུ་དེའི་གདོང་པ་མཐོང་བྱུང་། ད་དུང་ཁོས་མོ་ལ་ཡེངས་པ་མཐོང་བྱུང་། དེ་དུས་ཁོང་གཉིས་ཀྱི་མིག་སོ་གཉིས་གློག་བརྒྱབ་པ་ལྟར་མཉམ་དུ་འཕྲད་ཅིང་སོ་སོར་མགོ་བོ་སྒུར་དགོས་བྱུང་། གསར་བུ་དེ་ལྷ་བུ་ཡིན་ཞིང་དེ་རིང་མོའི་གདོང་དུ་སྐྲ་སུ་ལུར་བཅོས་པ་དེ་ཡིན། མོས་དེ་རིང་བྱིས་པའི་ཕ་ཆུ་ལྷམ་གྱོན་མཁན་ཡིན་ཟེར་ནས་ཚིག་ཐག་ཆོད་པོས་བཤད་ཀྱང་། ཡུལ་དཔོན་དེ་དང་ལྷ་བུ་གཉིས་ཀྱིས་མགོ་བོ་འཕྲེད་དུ་གཡུག་ཅིང་དཔེ་མི་སྲིད་ཟེར། ལྷ་བུས་ཁས་མ་བླངས་པ་དེ་མོ་བསམ་དོན་འགྲུབ་པ་ལྟར་དགའ་བྱུང་། ཐེམ་ཐོ་བཟོ་མི་དགོས་པར་མུ་མཐུད་ཁྱིམ་རྒྱུད་བསྐྱངས་ཆོག་ཨང་དྲན་ཞིང་ལྕེ་སྟེང་མངར་ཁུ་ཞིག་འཁོར་བ་མིད་པར་དེད། མོ་ཆུ་ལྷམ་གྱི་རོལ་མོ་འཁྲོལ་ཞིང་སྒྲེགས་སྐྱུགས་བྱས་པ་ནས་ལུས་སྦྲུམ་པ་ཤེས་ཏེ། རང་ཉིད་ཀྱི་ཕ་མ་རྙེད་པ་ལྟར་སེམས་ཁོང་ནས་ངང་པ་ཆ་གཅིག་ལིང་ལིང་ལྡིང་ཞིང་ཡོད། མོའི་མཛོད་སྦུག་ཏུ་སྲིད་པའི་རྨུ་ཐག་ལ་བཏགས་པའི་བྱ་ཁྲི་ཞིག་ཡོད། བྱ་ཁྲིའི་གོང་དུ་མོ་ལྷ་འཁོར་བའི་གཡང་སྒམ་ཞིག་ཡོད། གཡང་སྒམ་ནང་དུ་ཆུ་ལྷམ་ལྟ་བུའི་ནོར་བུ་ཞིག་ཡོད་པ་རེད། ནོར་བུ་དེ་མོའི་ཨ་ཡེ་ཡང་ཡེས་བཞག་པ་ཡིན་པས་ད་ལྟའི་བར་མོས་སྲུང་སྐྱོབ་བྱས་ཡོད། ཕྱིར་སླེབས་པ་དང་གཡང་སྒམ་ནང་གི་ཆུ་ལྷམ་དེ་ལན་གཅིག་མཇལ་ན་བསམ་ཞིང་། ཁ་སྣ་ལག་པས་སྐོར་འབྱིད་བྱས་ཤིང་འགྲོ་གྲབས་བྱས་པ་དང་། ཨོ། མ་འགྲིག་ཐལ། ཡུལ་དཔོན་དེས་ཕྱི་དྲོ་ལྷ་བུ་དང་གྲོས་མོལ་བྱོས་ཟེར་བ་མ་ཡིན་ནམ་དྲན་ཞིང་དྲ་མ་ལས་ཕྱི་རོལ་དུ་བལྟས། ཕྱི་རོལ་དུ་གནམ་གཤིས་གློ་བུར་འགྱུར་ཞིང་ཐལ་བ་ཚུབ་ཚུབ་ངང་། སེར་དྲག་ཅིག་འབབ་རན་པ་མིན་ནམ་སྙམ་པའི་སྤྲིན་ནག་དེ་རྫ་མ་ཞབས་རྡོལ་བ་བཞིན་ལྷོག་ལྷོག་ཁོལ་ཞིང་ས་ཁར་ཞམས་འདུག
ཡུལ་དཔོན་སྟག་གཟིག་གིས་སེན་མོས་བཏོག་རྒྱུའི་ཁ་སྤུ་ཞིག་མེད་ཀྱང་སྟོང་འཚོལ་བྱེད་ཅིང་། ནེམ་ཁྲིའི་གོང་དུ་གསེག་སྙེས་བྱས་འདུག ཁོས་སྔོན་ཞིག་ནས་བྱི་ཕོར་འགྲོ་མི་ཆོག་པའི་སྲིད་ཇུས་སྒྲོག་མྱོང་ཡོད་ཀྱང་ད་དུང་ལྐོག་ལྐོག་སུད་སུད་ངང་བྱི་ཕོར་འགྲོ་མཁན་ཡོད། ལྷ་བུ་ལ་ཆུ་ལྷམ་ལོས་ཡོད། ཆུ་ལྷམ་གྱོན་ནས་བྱི་ཕོར་སོང་ལོས་ཡོད། རང་ཉིད་ཀྱང་བྲག་ནག་གྲོང་རྡལ་དུ་ལས་བགོས་བྱས་རྗེས་ལྐོག་ཏུ་རྟར་བཞོན་ནས་བྱི་ཕོར་སོང་བ་མ་ཡིན་ནམ། སྐབས་དེར་ངས་ཆུ་ལྷམ་ཡུ་རིང་ཞིག་གྱོན་ཡོད་ཨང་། དགོང་མོ་དེར་ཆུ་ལྷམ་མ་ཕུད་པར་བུ་མོ་ཞིག་གི་རུམ་དུ་འཛུལ་བ་མིན་ནམ། མོའི་ཁ་རླངས་འོ་དྲི་ཐོལ་ཐོལ་དེ་ཉིན་གྲངས་ཁོའི་ལུས་ལ་བགོས་པ་མིན་ནམ། ཁོ་རང་གློ་བུར་དུ་ངང་པ་མཚོ་ཁར་འཕུར་གྱི་ཡོད་མེད་མ་ཤེས་ཀྱང་དུས་ཚོད་སྟོན་ཁ་མིན་ནམ་དྲན་ཞིང་ནེམ་ཁྲི་ལས་ཧར་སེ་དགྱེ་བྱུང་། སྟོན་ཁ་ཡིན་པར་མ་ཟད་དབུལ་སྐྱོར་ཚོགས་འདུའི་དགོང་མོ་ཡིན་པ་ཡིད་ལ་འཁོར་ཞིང་ཚ་འདར་ཐོ་ལུམ་འདྲ་བ་ཞིག་ཤ་སྲུབས་ནས་བརྒྱུགས། དེ་ནུབ་ཀྱི་བུ་མོ་དེ་ལྷ་སྐྱིད་ཡིན་ཐག་ཆོད་རེད། ད་ནི་དཔེ་བསགས་འདུག ཆུ་ལྷམ་གྱོན་མཁན་དེ་ལྷ་བུ་རེད་ཟེར་ནས་ཐག་བཅད་ན་ཡང་། ལྷ་བུས་ཁས་མི་ལེན། ཕ་མེད་ན་མོའི་བྱིས་པ་དེའི་ཐེམ་ཐོ་རྒྱག་ཐབས་མེད། ཐེམ་ཐོ་མེད་ན་སློབ་གྲྭར་གཏོང་ཐབས་མེད། མོ་རང་ལའང་ཁག་མི་འདུག ལྷ་བུ་ལའང་ཁག་མི་འདུག བྱ་ཐབས་གཅིག་རང་ཡོད་པ་ནི་ལྷ་བུ་ལ་ཁས་ལེན་དུ་འཇུག་རྒྱུ་དེ་རེད་བསམས་ཤིང་ཆུ་ལྷམ་ཡང་བསྐྱར་ཡིད་ལ་འཁོར། ཆུ་ལྷམ་གྱོན་པ་ལ་ག་རེ་ཧ་ལས་རྒྱུ་ཡོད། ཆུ་ལྷམ་ནི་ལྷམ་གཡོག་ཡིན་མོད། ལས་བྱེད་ཕལ་ཆེར་གྱིས་འཇུར་རྟའི་ལྷམ་གཡོག་ཏུ་ཆུ་ལྷམ་གྱོན་པ་མིན་ནམ། ང་རང་ཆུང་དུས་ནས་ད་ལྟའི་བར་འཇུར་རྟའི་ལྷམ་གཡོག་ཆུ་ལྷམ་གྱོན་ནས་ཡོང་། ལམ་བཟོའི་མགོ་པ་སོང་དུས་ཀྱང་ཉིན་གང་ཆུ་ལྷམ་གྱོན། སྐབས་དེར་དགའ་རོགས་ལྷ་སྐྱིད་ལའང་ཆུ་ལྷམ་ཞིག་ཉོ་རོགས་བྱས། དེ་དུས་མི་རྣམས་རྨོངས་གཉིད་ལས་སད་མེད་པས་ས་བདག་འཁྲུག་པ་རེད་ཟེར། རི་ཉིལ་ཞིང་ལྷ་སྐྱིད་གྲོངས། དེའི་རྐྱེན་གྱིས་ཁོ་རང་སྙིང་ནད་བརྒྱབ་ཅིང་ཉལ་སར་ལུས་མྱོང་། ལྷ་སྐྱིད་ད་གཟོད་གསོན་ངོགས་སུ་ཡོད་ན་རང་ཉིད་ཀྱི་བཟའ་ཟླ་མིན་ཡང་ཟུར་གསལ་ཡིན་རྒྱུ་རེད་སྙམ་ཞིང་ལྷ་སྐྱིད་ཡིད་ལ་འཁོར། ལྷ་སྐྱིད་ཁ་ཉུང་ཞིང་གདོང་དཀར་བ་སྨིན་མའི་དཀྲི་ག་མཛེས་པ་ཞིག་ཡོད་པས། ལམ་བཟོ་རྣམས་ཀྱིས་མོའི་དོན་དུ་ཤོར་ཐོབ་རྒྱག་གི་ཡོད་ཀྱང་། ཁོ་རང་སྐབས་དེར་ལམ་ཐིག་འདེབས་མཁན་གྱི་མགོ་ཁྲིད་ཡིན་པས་མི་གཞན་ལ་འཆོར་དུ་མ་བཅུག ཁོ་ནི་ཆུ་ལྷམ་ཞིག་གྱོན་ཞིང་ཤམ་རིང་སེར་པོ་དེར་བྲང་སྒྲོག་མ་བརྒྱབ་པར་རྒྱབ་ལག་བཅས་ཤིང་ལམ་གསར་པའི་གོང་དུ་རྡེའུ་ཧྲུག་རྣམས་རྐང་པས་མནན་ཞིང་འགྱིང་འགྲོས་བྱེད། རྟ་འཕུར་རྟགས་ཅན་གྱི་ཐ་མ་ཁར་འཛུགས་ཞོར། ལྷ་སྐྱིད་ལ་མིག་བརྡ་རེ་འཕེན་ཞིང་སྐྱིད་པོ་ཡོད། ཁོས་དེ་ལྟར་དྲན་ཞིང་ཤ་གསེང་དུ་འབུ་སྲིན་བརྒྱ་ཕྲག་འཛུལ་བ་ལྟ་བུའི་ཚ་འདར་དེ་ཅུང་འཇམ་དུ་གྱུར། གློ་བུར་ཁ་སྤུ་ཞིག་འགྲམ་འོག་ནས་རྙེད་ཅིང་དེ་མ་ཐག་གསང་བ་གྱར་འགྲོ་བ་བཞིན་སྒེག་འཐེན་བྱས་ནས་བཏོགས་བྱུང་། སྒེག་འཐེན་བྱས་པའི་ཁ་སྤུ་སེན་བར་དུ་ཟིན་ཡོད་མེད་ལྕེ་སྟེང་དུ་འདྲུ་འདྲུ་བྱས་པ་དང་། ཅི་ཞིག་འགྲིག་སོང་བ་ལྟར་སྤུ་རྐང་དེ་སོ་བར་དུ་ལྡོད་ཅིང་ཡོད།
དེ་རིང་གི་ལྷ་སྐྱིད་དང་ལམ་བཟོའི་ལྷ་སྐྱིད་གཉིས་ལ་འབྲེལ་བ་རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་ཁ་ངོའི་འཛུམ་མདངས་དང་སྨིན་མའི་དཀྲི་གའི་རི་མོ་འདྲ་ལ། ཁོས་གློ་བུར་དེ་ལྟར་བསམ་ཞིང་མཆིལ་མ་ཞིག་མིད་ཞོར་ཁ་སྤུ་ལྡོད་བཞིན་པ་དེ་ཡང་མཉམ་དུ་མིད་སོང་། ལྷ་སྐྱིད་གྲོངས་རྗེས་དྭ་ཕྲུག་མིང་སྲིང་གཉིས་ལུས་ཡོད་ཅིང་། ཕ་ཡུལ་དུ་བུ་མོ་དམར་འབྱར་ཞིག་ཡོད་པར་མ་ཟད། བུ་ཞིག་ལམ་བཟོའི་ཁར་ལུས་ཡོད། ཁོས་དེ་ལྟར་རེ་རེ་བཞིན་དྲན་སོས་པ་དང་སེན་མོས་ཁ་སྤུ་འཚོལ་ཞིང་ཡོད་ཀྱང་ས་ཡོམ་བརྒྱབ་པ་བཞིན་འདར་བྱུང་། ཁོས་དེ་དུས་ལྷ་སྐྱིད་ཀྱི་སྐད་ཆར་ཡིད་ཆེས་མ་བྱས། མོའི་ཕྲུ་གུ་གཉིས་ཀའི་ཕ་ཁོ་ཡིན་ཟེར་བ་དེར་ཐེ་ཚོམ་སྐྱེས། བསམས་ཤིང་བསམས་དུས་མིང་སྲིང་གཉིས་ཀའི་ཕ་ཁོ་རང་མིན་ནམ། ངེས་པར་དུ་བུ་མོ་དེ་འཚོལ་དགོས་འདུག ད་དུང་ལམ་བཟོའི་ཁར་དྭ་ཕྲུག་དེར་གོ་སྐབས་རག་སྟེ་དྭ་ཕྲུག་སློབ་གྲྭར་འགྲིམས་པ་མིན་ནམ། ལྷ་བུ་ཡང་དྭ་ཕྲུག་སློབ་གྲྭ་ནས་ཐོན་ཞིང་བྲག་ནག་གྲོང་རྡལ་དུ་ལས་བགོས་བྱས། ཁོ་ལ་དེའི་སྐོར་མ་དྲིས་བསམ་ཞིང་བྲེལ་བ་གཅིག་ཐོག་གཉིས་རྩེག་ལངས་ཏེ་རྔུལ་ཆུ་སྐྲ་གསེང་ནས་འགྲམ་པར་ལྷུང་།
ཁོས་དེ་རིང་མ་གཏོགས་ལམ་བཟོ་ལྷ་སྐྱིད་ཡིད་ལ་མ་འཁོར། བྲག་ནག་སྡེ་བར་ལྷ་སྐྱིད་ཀྱི་བུ་མོ་དེ་གར་ཡོད་པ་མ་བཙལ། གལ་ཏེ་ཁོ་ལ་དེ་ལྟ་བུའི་དགའ་རོགས་ཤིག་ཡོད་པ་ད་ལྟའི་ཆུང་མས་ཤེས་ན་རྙོག་དྲའི་སྒམ་ཆུང་ཁ་ཕྱེ་བ་ཡིན་བསམ་ཞིང་ཀླད་པར་འཁོར་མ་ཕོད། དེ་རིང་གློ་བུར་དུ་ཁོས་དེ་ལྟར་བསམས་དུས་ད་གཟོད་བུ་མོ་ལྷ་སྐྱིད་ལ་དེའི་སྐོར་མ་དྲིས་བསམ་ཞིང་མཁྲིག་མའི་གོང་གི་ཆུ་ཚོད་དེར་ལྟ་ཙམ་བྱས། ཕྱི་དྲོའི་ལས་ཀའི་དུས་ཚོད་ད་དུང་ཐུག་མེད་པ་ཚོར་ཞིང་། སེན་མོས་ཁ་སྤུ་འཚོལ་བཞིན་ནེམ་ཁྲིའི་གོང་དུ་གཞོགས་བརྗེ་སྐྱོར་ཞིག་བྱས་པ་དང་། ཉལ་ཁྲིའི་འོག་ནས་ཆུ་ལྷམ་གྱི་ཡུ་བ་སྨུག་ཆི་ལིར་མཐོང་བྱུང་། མོ་གྲོང་དུ་བྱི་ཕོར་སོང་དུས་ཆུ་ལྷམ་འདི་གྱོན་ཡོད། ལྷ་སྐྱིད་ཀྱིས་ལྷ་བུ་དང་ནོར་བའི་ཆུ་ལྷམ་དེ་འདི་རེད། ཁོའི་སེམས་ཁྲལ་དེ་མཚར་སྣང་ཞིག་ཏུ་གྱུར་ཅིང་གློ་བ་དེས་འཕག་འཚག་ཅིག་གཏོང་གྲབས་བྱས་ཀྱང་། དེ་མ་ཐག་བྱིས་པའི་ཕ་རང་ཉིད་ཡིན་ཀྱང་ཁས་ལེན་ཐབས་བྲལ་སྙམ་ཞིང་རྩེ་ཆུང་འདར་བྱུང་། རྔུལ་ཆུ་རང་དབང་མེད་པར་མ་ནེ་ནས་ཨོལ་གོང་དུ་བབས་པར་མ་ཟད་ཁྱོར་མཐིལ་ཡང་ཆུ་ལྷམ་ལས་ཕུད་པའི་རྐང་པ་བཞིན་རློན་པས་ཁྱབ། ཕྱི་དྲོ་ཁོང་གཉིས་གྲོས་མོལ་ཏན་ཏིག་ཅིག་མ་བྱས་ན། ཐེམ་ཐོ་དེ་ཐག་གཅོད་གཏོང་མི་ཐུབ་བསམ་ཞིང་། དྲ་མ་བརྒྱུད་ནས་ཕྱི་ལོག་ཏུ་བལྟས། གནམ་རྒན་མས་རིལ་མ་བཏང་བ་བཞིན་སེར་བ་ཐག་ཐག་བབས་ཡོང་བ་དང་། ཉེ་མ་རིང་དུ་སློབ་ཁང་གསར་རྒྱག་དེ་ཡང་ཆར་སྨུག་གིས་བཏུམས་ཤིང་རབ་རིབ་ལས་མི་མཐོང་། ལས་ཀ་མ་ཐུག་གོང་དུ་ལྷ་བུ་ལ་སློབ་གསོ་ཞིག་མ་བརྒྱབ་ན་ཁོས་ཁས་མི་ལེན་བསམ་ཞིང་ཡང་བསྐྱར་བྲེལ་བ་ཞིག་ཀླད་པའི་ནང་འཚང་ཞིང་མིག་ལམ་མག་མོག་ཏུ་གྱུར། ཁྲིའུ་ལས་བབས་པ་དང་སེར་ཞོད་འབབ་ཅིང་ཡོད་པ་དྲན་ཏེ་ཆུ་ལྷམ་གྱོན་ཏེ་སྒོ་ཁར་ཐོན། ལྷ་བུ་ཡང་ཆུ་ལྷམ་གྱོན་ཏེ་ཡུལ་དཔོན་གྱི་སྒོ་ཁར་འགྲེང་འདུག ལྷ་བུས་ཡུལ་དཔོན་མཐོང་བ་དང་། ཡུལ་དཔོན་དྲིན་ཆེན། ལྷ་སྐྱིད་ངེད་གཉིས་ཕ་མ་གཅིག་པའི་མིང་སྲིང་ཡིན། ཟེར་ནས་ལྕེ་བསྣར་བྱུང་། ཡུལ་དཔོན་འཚབ་སྟེ། བྱི་ཕོ་འགྲོ་མཁན་ང་རང་ཡིན་ཡང་ཐེམ་ཐོ་དེའི་ཆེད་དུ་ཁྱོད་ཀྱིས་ཁས་ལེན་རོགས་ཟེར་བསམ་པ་ཡིན། ཟེར་ཞིང་ནམ་ཡང་གསང་བསམ་པ་དེ་ཁ་ནས་ཤོར། ལྷ་བུས་ཤིན་ཏུ་ཉམ་ཆུང་བའི་སྒོ་ནས། དྲང་མོར་བཤད་ན། ངེད་མིང་སྲིང་གཉིས་ཀའི་ཕ་ཁྱོད་རང་མིན་ནམ། ང་ཚོ་ཚང་མས་ཐེམ་ཐོ་མཉམ་དུ་བཟོས་ན་ཆོག ཟེར་ནས་མགོ་ལ་ཕུར་ཕུར་བྱས། ཡུལ་དཔོན་ཤིན་ཏུ་ཧད་དེ། ཁྱོད་ལམ་བཟོ་ལྷ་སྐྱིད་ཀྱི་བུ་ཡིན་ནམ། ཁོས་ཐེ་ཚོམ་དང་བཅས་བཤད་པ་དང་། ལྷ་བུས་ངག་མ་འཁྲོལ་བར་མགོ་བོ་ལྡེམ་དགོས་བྱུང་། ཡུལ་དཔོན་སྟག་གཟིག་གིས་ལྷ་སྐྱིད་ཀྱི་འདོད་མོས་ལ་བསམ་བློ་ཙམ་ཡང་མ་བཏང་བར། ཁོང་མ་བུ་གཉིས་དང་ངེད་ཕ་བུ་གཉིས་ཏག་ཏག་རེད་ཐེམ་ཐོ་བཟོ་རྒྱུ་འགྲིག་འདུག་སྙམ་ཞིང་དེ་བྱོས་དེ་བྱོས་ཟེར་ཞིང་ལྷ་བུའི་ཕྲག་པར་བརྡབས། སྐབས་དེར་ཇ་ཁང་གི་སྒོ་ཐེམ་ནས་ཆུ་ལྷམ་གྱི་ཅལ་སྒྲ་ཞིག་དང་ཨག་སྐད་ཅིག་ལྷན་དུ་ཐོས་པ་དང་ཁོང་གཉིས་ཀྱི་མིག་སྔུན་དུ་གནམ་སའི་བར་དུ་ཁ་བའི་སྐུད་པས་བཀངས་ཤིང་རབ་རིབ་བར་ནས་ལྷ་སྐྱིད་ཁ་བའི་ནང་དུ་འགྱེལ་བཞིན་པ་མཐོང་།
ལྷ་སྐྱིད་སྒོ་ཐེམ་ལས་བརྒལ་མ་ཐག ཕྱི་རོལ་དུ་གནམ་ས་གཉིས་འཕྲོད་སྦྱོར་བྱེད་པ་བཞིན་འབྲུག་ཆར་འབབ་བཞིན་ཡོད་པས། མོའི་རྣ་ལམ་དུ་ཆུ་ལྷམ་གྱི་ཤག་སྒྲའམ་ངང་པའི་གཤོག་རླབས་ཤིག་ཐོས་པ་དང་། རྐང་པ་ཡ་གཅིག་སྒོ་ཐེམ་གོང་དུ་སྤོས་མ་ཐག་ཏུ་མོའི་མིག་ལམ་ནས་རང་གིས་ཀྱང་འོད་ཀྲིག་ཀྲིག་གི་ཆུ་ལྷམ་ཞིག་གྱོན་ཡོད་པ་མཐོང་བྱུང་། རྐང་པ་ཡ་གཅིག་སྒོ་ཐེམ་ནས་མ་བྲལ་བར་ཚེ་སྲོག་ལས་སྙན་པའི་ཆུ་ལྷམ་གྱི་ཅལ་སྒྲ་ལྷང་ལྷང་ཐོས་ཤིང་། མོ་རང་དགའ་ཆེ་ནས་འགྱེལ་འགྲོ་ཡོད་པ་མ་ཚོར་བར་ངང་པའི་གཤོག་ལྟེབ་ཏུ་འཕུར་འགྲོ་བ་མཐོང་ཞིང་། དགའ་ཐག་ཆོད་ཅིང་ཁ་ནས་ཨ་མ།……ཆུ་ལྷམ།……སྒྲ་དབྱངས་སྙན་མོ་ཞིག་གི་བྲག་ཅ་མཆེད་བྱུང་། བྲག་ཅ་དེ་ཡང་ཆར་རླུང་དང་བསྡེབས་ཤིང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཅིང་རྒྱང་དུ་ཡལ། །
རྩོམ་པ་པོ་ངོ་སྤྲོད།
གཅུང་བསྟན་བཟང་། ལོ་རབས་བདུན་ཅུའི་ནང་ནག་ཆུ་སོག་རྫོང་དཀར་ཤོད་དུ་སྐྱེས་ཤིང་། ཆུང་དུས་ཞིང་འབྲོག་གཉེར་སྐྱོང་བྱས། 2018ལོར་རང་སྦྱོང་ཡིག་རྒྱུགས་སྤྲད་དེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཤིང་། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞི་ཚན་ཁག་གི་ལག་ཁྱེར་བླངས། 《སུམ་པའི་ལོ་རྒྱུས་སྲིད་པའི་མཛོ་རྭ་སྨུག་ཆུང》དང་། 《སོག་རྫོང་དམངས་ཁྲོད་ལོ་རྒྱུས》སྟོད་སྨད་ཆ། 2019ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། བརྩམས་སྒྲུང《མཚན་ནམ་རིང་མོ》2023ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་རྣམ་གྲངས་ནང་ཚུད་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། བརྩམས་སྒྲུང《བྲག་ནག་ལུང་པ》ལ2022ལོར་ནག་ཆུ་གྲོང་ཁྱེར་གྱི་དུས་རབས་གསར་པའི་རིག་རྩལ་སྤུས་དག་བརྩམས་ཆོས་གྲས་སུ་བཞག་སྟེ་དཔར། ད་ལྟ་ནག་ཆུ་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་གཞུང་ལས་ཁང་དུ་གནས་སྐབས་ཞབས་འདེགས་ཞུ་བཞིན་ཡོད། གཞན་ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་མཚོ་སྔོན་བོད་ཡིག་གསར་འགྱུར། གངས་དཀར་རི་བོ། ཤྭ་སྐྱ། བྱང་ཐང་སོགས་དུས་དེབ་སྟེང་རྩོམ་ཡིག་གང་མང་སྤེལ་མྱོང་།