ཕྱི་གསལ་ནང་གསལ་གྱི་གཤོག་པ། ཀླད་ཀོར་གྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྡོ་མགོས་ཆུང་མར་རྡུང་བཞིན་འདུག་ཟེར་མོད། ཆུང་མས་རྡོ་མགོར་རྡུང་བཞིན་པ་ཀུན་གྱི་སེམས་ན་ཁྲིག་ཁྲིག་ཡིན།

ཉིན་དེའི་ཕྱི་དྲོར་རྡོ་མགོས་འཕྲུལ་རྟ་རྙིང་གོག་འཁོར་ལོའི་རྐྱལ་བ་གཉིས་ཀར་ལྷན་པ་བརྒྱབ་ཡོད་པ་དེར་བཞོན་ནས་འབུ་ཚ་ལུང་པའི་ཚོང་ཁང་ཉག་ཅིག་སྟེ་སྒོ་བྱང་ལ་དམངས་ཕན་ཚོང་ཁང་ཞེས་བྲིས་ཡོད་ཀྱང་གྲོང་མི་ཚོས་རྡོ་ར་ཚོང་ཁང་ཞེས་འབོད་པའི་ས་དེར་སླེབས་དུས། དེ་གར་སྟེགས་ལྒང་སྤོ་ལོ་རྩེད་མཁན་ཚོས་རྡོ་མགོའི་ཁ་ངོ་རྨ་ཤུལ་གྱིས་ཁེངས་ཡོད་པ་མཐོང་།

གཅིག་གིསམདང་དགོང་ཡང་ཅི་བྱུང་སོངཞེས་ཆེད་དུ་ཡང་སྒྲ་བཞག་སྟེ་དྲིས་པ་ན། རྡོ་མགོའི་ཁ་ངོ་དམར་པོར་གྱུར་སོང་།

ཡང་གཞན་ཞིག་གིསཡ། ངེས་པར་མདང་དགོང་ཡིན་དགོས་དོན་ཅི་ཡིན་ནམཞེས་བཤད་པ་ན། རྡོ་མགོའི་ཁ་ངོ་དེ་དམར་པོ་ནས་དཀར་པོར་གྱུར་ཅིང་། ཡུན་གྱིས་ནག་པོར་འགྱུར་མགོ་བརྩམས། ནག་པོར་གྱུར་པར་མཚོན་དོན་གང་ཡང་མེད་དེ། ཁོའི་ཤ་མདོག་མ་གཞི་ནས་ནག་པོ་ཡིན་པས་སོ། །

ཁོསཅང་མ་རེད། འཕྲུལ་རྟ་རྙིང་གོག་འདིའི་རྐྱལ་བ་བཀད་སོང་བས་ཐང་ལ་བརྒྱབ་སོངཟེར།

དེར་ཡོད་རྣམས་ཀྱིས་ཞིབ་ལྟ་ཞིག་བྱེད་དུས་འཕྲུལ་རྟའི་འཁོར་ལོར་གྲིས་གཙགས་པ་ལྟ་བུའི་རྗེས་ཤུལ་ཡོད་པ་མཐོང་བས་ཁོའི་གདོང་གི་རྨ་ཤུལ་དེ་མདང་དགོང་མལ་ཁྲིའི་ཐོག་ཏུ་བྱུང་བ་ཡིན་པའི་ཡིད་ཆེས་ཇེ་བརྟན་དུ་སོང་།

ཐེངས་སྔོན་མ་ཞིག་ལ་ཡང་རྡོ་མགོའི་ངོ་ལ་རྨ་ཁས་ཁེངས་ནས་རྡོ་ར་ཚོང་ཁང་དུ་ཐོན་དུས། ཁོསཞིང་ཁར་ཚེར་མ་ཞིག་འཛུགས་དགོས་བསམ་སམོད། མ་བསམས་ས་ནས་ཚེར་མ་གདོང་ལ་ཕོག་སོང ཟེར།

དེར་ཡོད་རྣམས་ཀྱིས་བདེན་ཡང་སྲིད་སྙམ། འབུ་ཚ་ལུང་པའི་ཞིང་ཁ་ཐམས་ཅད་དུ་ཚེར་མ་བཙུགས་ནས་སྒོར་སྒོར་བཟོས་ཡོད། བ་གླང་དང་ཕག་པས་ཁུང་བུ་བརྟོལ་ཚེ། ཚེར་སྡོང་གསར་པ་བཅད་ནས་ཁ་གསུབ་དགོས་ཀྱི་ཡོད། ཡིན་ཡང་། ཁོའི་རྨ་ཁ་དེ་ཚེར་མས་བརྒྱབ་པའི་རྨ་ཁ་ཞིག་ལ་ཅིས་ཀྱང་མི་འདྲ་བར་སེན་མོས་བྲད་པའི་རྨ་ཁ་དང་འདྲ་བས།ཚང་མས་དེ་འབྲེལ་གྱི་སྐད་ཆ་མང་པོ་མ་དྲིས།

རྡོ་མགོ་སླེབས་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ་རྡོ་མགོ་ཚང་གི་ཁྱིམ་མཚེས་བཀྲ་བློ་སླེབས་བྱུང་། ཁོས་དབྱུག་པ་ཡར་བླངས་ཏེ་སྟེགས་ལྒང་ལ་ཤུགས་ཀྱིས་བརྒྱབ་པ་ན་སྐག་སྒྲ་དང་བཅས་ལྒང་ལི་ཁུང་སྒྱེའི་ནང་དུ་བཅུག་སོང་།

ཡ། རྡོ་མགོ  སློབ་སྦྱོང་བྱོས། ལྒང་ལི་ཁུང་སྒྱེའི་ནང་དུ་རྒྱག་ན་འདི་འདྲ་རྒྱག་དགོས་ནི་རེདཅེས་བཤད། རྡོ་མགོས་རང་ཉིད་ཕམ་པ་ཤེས་ནསད་རུང་བྲེལ་བ་མ་ལངས། ཅུང་ཙམ་ནས་སུས་སུ་ལ་སློབ་སྟོན་བྱེད་ཐུབ་མིན་མི་ཤེསཟེར་གྱིན་ཞིང་ཁའི་ཕྱོགས་སུ་གཅིན་པ་གཏོང་བར་ཕྱིན་སོང་།

བཀྲ་བློསམདང་དགོང་ང་རང་སྒོར་འབུད་དུས། རྡོ་མགོ་ཚང་གི་འགྱིག་གུར་ནང་དུ་གྲིབ་ནག་གཉིས་ཀྱིས་གར་འཁྲབ་ཀྱིན་འདུག་པས་སྤྱི་མཐུན་ལས་ཀ་བྱེད་ཀྱིན་འདུག་བསམས་མོད། ཡིན་རྒྱུ་ནི་འཛིང་མོ་བྱེད་ཀྱིན་པ་ཡིན་འདུག་ཨང་། ཁོའི་གདོང་ལ་ཅིག་ལྟོས་དངཟེར།

ཉེ་ཆར་རྡོ་མགོ་ཚང་གིས་ཁང་པ་གསར་རྒྱག་བྱེད་སྒང་ཡིན་པས་ལྷས་རའི་ནང་དུ་འགྱིག་གུར་སྟབས་བདེ་ཞིག་ཕུབ་ནས་བསྡད་ཡོད་ལ། མཚན་མོར་གློག་བཀར་ཙ་ན། འགྱིག་གུར་དེ་ཕྱི་གསལ་ནང་གསལ་ཞིག་ཡིན་པས། འབུ་ཚ་ལུང་པའི་ནང་དུ་བཞག་པའི་གློག་བརྙན་གྱི་འཆར་ཡོལ་ཞིག་དང་འདྲ་བར། རྡོ་མགོས་འཁྲབ་སྟོན་ཅི་བྱེད་ཚང་མ་འབུ་ཚ་བ་ཀུན་གྱིས་གསལ་ལེར་མཐོང་ཐུབ་ཀྱིན་ཡོད།

དེར་ཡོད་ཅིག་གིསཁོའི་གདོང་ལ་ཚེར་མ་ཕོག་སོང་བ་མིན་ནམཞེས་ལྡོག་འདྲི་ཞིག་བྱས་པ་ན། ཚེ་བློསཞོགས་པར་ངས་སྒེའུ་ཁུང་ནས་ལྟ་དུས། རྡོ་མགོས་རང་ཉིད་ཀྱི་གདོང་དང་མགོ་ལ་བསམ་གཟས་ནས་ཚེར་མ་འཛུགས་ཀྱིན་འདུག ཚེར་མ་འཛུགས་ཐེངས་རེ་རེར་ཕག་གསོད་པ་དང་འདྲ་བའི་སྐད་ངན་བརྒྱབ་ཡོངཟེར།

རྡོ་མགོས་རང་གི་མགོ་དེ་རྡོ་ཡིས་བཟོས་པར་བསམ་པ་ཡིན་ནམ།

ཚེ་བློསགཙོ་བོ་མགོའི་ནང་དུ་ཡོད་པའི་བསམ་བློ་དེ་རྡོ་ལྟ་བུ་ཞིག་ཡིན་པས་རེད། རྨ་ཁ་དེ་དག་ཆུང་མས་བཟོས་པ་མིན་པར་ར་སྤྲོད་ཆེད། ཁོས་གླེན་ལས་ཅི་ཡང་བྱེད་ཕོད་པ་རེདཅེས་ཤོད་སྐབས། རྡོ་མགོ་ཚུར་སླེབས་བྱུང་བས། ཚང་མས་དོན་དག་གཞན་ཞིག་གླེང་ཁུལ་གྱིས་ཡར་མར་མང་པོའི་ཁ་བརྡ་རེ་བྱས་ནས་བསྡད།

དེ་རིང་རྡོ་མགོས་འཕྲུལ་རྟ་རྙིང་གོག་དེ་རྒྱ་ལམ་འགྲམ་དུ་བཞག་ནས་ཚོང་ཁང་གི་ཕྱོགས་སུ་ཡོང་། འཁོར་ལོའི་ཐོག་གི་གྲི་ཤུལ་ནི་བལྟས་པ་ཙམ་གྱིས་མི་ཞིག་གིས་བསམ་གཟས་ནས་བརྒྱབ་པ་ཤེས་མོད། དེར་ཡོད་ཚང་མས་རྡོ་མགོའི་གདོང་གི་རྨ་ཁ་བཏོད་མཁན་ནི་འཕྲུལ་རྟ་ཡིན་པར་ཆ་བཞག  འཕྲུལ་རྟ་དེ་ཁོའི་ཨ་ཕ་མཐོ་རིས་པོ་ཚེ་འདི་ན་ཡོད་དུས།    ཁོ་ཚང་གི་རྟ་རྒན་བཙོངས་ནས་ཉོས་པ་རེད། འབུ་ཚ་བ་རྣམས་ཀྱི་བཤད་སྟངས་བཞིན་ལབ་ན། འཕྲུལ་རྟ་དེ་རྡོ་མགོ་ལས་ལོ་གཉིས་ཙམ་གྱིས་ཆུང་བ་འདྲཟེར་བ་དེ་རེད། ཡང་ཁ་ཤས་ཀྱིསལོ་གཅིག་ལོ་གཉིས་ལོ་མི་རྒྱུགསཟེར་བས། འཕྲུལ་རྟ་དང་རྡོ་མགོ་གཉིས་ཀ་ན་ཟླ་ཡིན་པ་འདྲ་ཞིག་ཆགས་ཡོད། ཁོའི་ཕ་རྒན་གྱིས་འཕྲུལ་རྟའི་ཤེལ་སྒོ་ཆག་ན་ཤེལ་སྒོ་བརྗེ་བ་དང་།འཁོར་ལོའི་རྐྱལ་བ་བཀད་ན་འཁོར་ལོ་བརྗེ་བ་ཡིན་མོད། ཕ་རྒན་འདས་རྗེས་འཕྲུལ་རྟའི་བདག་པོ་རྡོ་མགོ་རུ་གྱུར་པ་ནས་བཟུང་། འཕྲུལ་རྟ་དེ་སྐྱོན་གཉིས་བརྩེགས་གསུམ་བརྩེགས་དང་ནད་བཞི་བརྩེགས་ལྔ་བརྩེགས་ཅན་ཞིག་ཏུ་གྱུར་ཡོད།

གཞན་ཞིག་གིསཨ་རོག་རྡོ་མགོ  འཕྲུལ་རྟ་ལ་ཞིག་གསོ་རེ་བྱེད་དགོས་པ་མིན་ནམཞེས་དྲིས་དུས། རྡོ་མགོསད་དུང་འགྲོ་ཐུབ་ཀྱི་འདུག་པས་ཞིག་གསོ་བྱེད་དགོས་དོན་མེདཟེར།

མི་དེས་འཕྲུལ་རྟར་ཞིབ་ལྟ་ཞིག་བྱེད་ཀྱིནསྙིང་མ་རྗེཞེས་ལབ་བསམས་མོད། འཕྲུལ་རྟ་ནི་སེམས་ཅན་ཞིག་མིན་པས་དེ་ལྟར་ལབ་ན་མི་འཕྲོད་ཅིང་། རང་རང་ལག་གི་ལས་ཀར་མགོ་འཁོར་ཁུལ་བྱས་པ་ལས། རྡོ་མགོ་དང་ཁོའི་འཕྲུལ་རྟ་ལ་ཁ་ཡ་མ་བྱས།

ཟླ་གཅིག་གི་སྔོན་དུ་ཚེར་མ་ཟུག་པའི་རྨ་ཁའི་ཐོག་ཏུ་འཕྲུལ་རྟས་སླར་ཡང་རྨ་ཁ་གསར་པ་ཁ་ཤས་གཏོད་ཡོད་པས། རྡོ་མགོའི་ཁ་ངོ་ནི་སེར་བས་བརྡུངས་པའི་མེ་ཏོག་རྙིད་པ་ཞིག་དང་འདྲ་བར། ཁོས་སྟེགས་ལྒང་སྤོ་ལོ་རྒྱག་སའི་སྟེགས་བུར་དབྱུག་པས་རྡེག་བཞིནདེ་རིང་ང་མ་ཁེ་ན་བུ་མིནཟེར། དེ་ལ་ཟེར་རྒྱུ་སྟེགས་ལྒང་སྤོ་ལོ་ཟེར་མོད།འབུ་ཚ་བས་རྡོ་རིལ་སྒྲིལ་ས་ཟེར། དེ་སྨར་ཁམས་རྫོང་ཁ་ནས་བྱིས་གྲོངས་ཞང་དུ་དར་བ་དང་། བྱིས་གྲོངས་ཞང་ནས་འབུ་ཚ་ལུང་པའི་ནང་དུ་དར་ཡོང་དུས། རྩེད་མོ་ཕལ་བ་ཞིག་ནས་རྒྱན་འགྱེད་བྱེད་ཅིག་ཏུ་གྱུར། དེ་ནི་རྡོ་མགོ་དང་བཅས་པའི་འབུ་ཚ་བ་རྣམས་ཀྱི་བློ་གྲོས་རེད། སྟེགས་ལྒང་སྤོ་ལོ་དེ་རྩེད་མོ་རྩེད་བྱེད་ཅིག་ཡིན་ན་ཆུ་ཚོད་གཅིག་ཙམ་ལས་རྩེད་མི་ཐུབ།རྒྱན་འགྱེད་བྱེད་དུ་གྱུར་པ་ནས་ནམ་ཕྱེད་བརྒལ་ཡང་རྩེད་མཚམས་མི་འཇོག་ལ། རྒྱན་འཇོག་སྒོར་མོ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྡོ་མགོ་ཚང་གི་ཁང་པ་གསར་པ་དེ་ལས་ནས་ཚར་རྒྱུ་མེད་དོན་ཡང་འདི་ལ་ཐུག་ཡོད་རབས་བཤད་ཀྱིན་འདུག  རྡོ་མགོས་ཁང་པ་གསར་རྒྱག་ལ་བསགས་པའི་སྒོར་མོ་དག་རྡོ་རིལ་སྒྲིལ་སར་བཀོལ་བས་ཁང་པ་རྒྱག་པའི་དུས་ཚོད་ཀྱང་རྡོ་རིལ་སྒྲིལ་ས་འདིར་ཟད་ཀྱིན་ཡོད། སྔོན་མར་ཆུང་མས་རྡོ་མགོར་བརྡུངས་རབས་གོ་ཐོས་མ་བྱུང་ཡང་། རྒྱན་འགྱེད་བྱེད་དེ་དར་བ་ནས་བཟུང་རྡུང་རྒྱུ་ཇེ་མང་ལ་སོང་། དེ་ཡང་སྔོན་མར་ཁང་པ་རྙིང་པའི་ནང་དུ་སྡོད་སྐབས། སྒེའུ་ཁུང་ནས་གྲག་ཡོང་བའི་རྡུང་རེས་བྱེད་པའི་གྲག་འགུལ་གྱིས་འབུ་ཚ་བ་རྣམས་ལ་རྡོ་མགོས་ཆུང་མར་རྡུང་བའི་འཕྲུལ་སྣང་སྦྱིན་མོད། འོན་ཀྱང་། འགྱིག་གུར་གྱི་ནང་དུ་སྤོས་རྗེས་ཡོད་ཚད་ཕྱི་གསལ་ནང་གསལ་ཡིན་པས་ཐག་རིང་ནས་རྒྱང་ལྟ་བྱེད་མཁན་ཚོས་ཀྱངརྡོ་མགོས་ཆུང་མར་རྡུང་བ་མ་རེད།ཆུང་མས་རྡོ་མགོར་རྡུང་གིན་པ་འདྲཟེར། རྒྱུ་མཚན་ནི་ལག་པ་འགུལ་མཁན་གྱི་གྲིབ་ནག་དེ་ནི་སྐྲ་རིང་པོ་ཅན་ཞིག་དང་། གཅར་རྡུང་མྱོང་མཁན་དེ་ནི་སྐྲ་ལོ་ཐུང་ངུ་ཅན་ཞིག་རེད།    སྐྲ་ལོ་ཐུང་ཐུང་དེས་པུས་མོ་སར་བཙུགས་ནས་མཐེ་བོང་གནམ་ལ་ཀེར་ཡང་སྐྲ་ལོ་རིང་པོ་དེས་སྙིང་རྗེ་མེད་པར་རྡུང་གིན་མཆིས།

སྔོན་འབུ་ཚ་ལུང་པའི་ནང་དུ་ཏག་སེ་དང་། ཤོ་དང་། མདའ་མོ་བཅས་བརྒྱབ་ནས་རྒྱན་འགྱེད་པ་ཡིན་མོད། འབུ་ཚ་ལུང་པར་གྲོང་ཚོ་གསར་འཛུགས་བྱས་པ་ནས་བཟུང་། རྒྱན་པོ་དེ་རིགས་འགྱེད་མི་ཆོག་པར་གྱུར། ཡིན་ཡང་སྟེགས་ལྒང་ངམ་རྡོ་རིལ་སྒྲིལ་རྒྱུ་དེ་ལུས་རྩལ་ཞིག་ཡིན་པའི་ཆ་ནས་ལྐོག་ཏུ་རྒྱན་འགྱེད་ཆོག་པ་འབུ་ཚ་ལུང་པའི་མི་རྣམས་ཀྱིས་ག་ལ་རྟོགས།ཕྱི་ཚུལ་ནས་བལྟས་ན་རྩེད་མོ་རྩེ་བཞིན་པ་འདྲ་མོད། ལྒང་ལི་ཁུང་སྒྱེའི་ནང་དུ་འཛུལ་བའི་སྙིང་པོ་ནི་རང་ལ་དབང་བའི་སྒོར་མོ་བརྒྱ་ལོར་ཁ་ཤས་གཞན་གྱི་སྦ་ཁུག་ཏུ་ལྷུང་འགྲོ་བ་དེ་ཡིན། དེའི་ཕྱིར། གཞན་གྱིས་ལྒང་ལི་ཁུང་དུ་བརྫངས་པའི་ཐག་སྒྲ་གྲག་མ་ཐག་རང་གི་སྙིང་ག་གཟེར་བྲེང་ངེར་བྱེད་ལ།རང་གིས་ལྒང་ལི་ཁུང་དུ་བརྫངས་ཐུབ་ཚེ་གཞན་པ་ཚོའི་ངོ་མདོག་ཀྱང་འགྱུར་ནས་འགྲོ་བ་མཐོང་ཐུབ། རྡོ་མགོ་ནི་ངོ་མདོག་འགྱུར་སླ་བའི་མི་ཞིག་མིན་ཡང་། རྡོ་རིལ་སྒྲིལ་ཤེས་པ་ནས་བཟུང་སྐར་མ་གཅིག་གི་སྔོན་དུ་དགའ་བཞིན་ཡོད་ཀྱང་སྐར་མ་གཅིག་གི་རྗེས་སུ་ངུ་ལ་ཁད་བྱེད། དགའ་དུས་ཉུང་ཉུང་ཡིན་ལ་ངུ་ལ་ཁད་བྱེད་པའི་དུས་ཧ་ཅང་མང་།རྡོ་རིལ་སྒྲིལ་སྲོལ་དེ་དང་པོ་དར་དུས་འབུ་ཚ་ལུང་པའི་ཕོ་གསར་ཚོའི་ལག་རྩལ་འདྲ་འདྲ་ཡིན་མོད། ལོ་གཅིག་གཉིས་ཀྱི་རྗེས་སུ་ཁ་ཤས་མཁས་ལ་ཁ་ཤས་དེ་ཙམ་མཁས་པོ་མེད་པར་གྱུར། རྡོ་མགོ་ནི་དེ་ཙམ་འཇོན་པོ་མེད་པའི་ཁོངས་སུ་གཏོགས་ནའང་། ཁོས་རང་ཉིད་ལ་དེ་འདྲའི་ངོས་འཛིན་རྩ་བ་ནས་བྱེད་མི་སྲིད། ཁོའི་བསམ་པར་མི་གཞན་གྱིས་ལྒང་ལི་ཁུང་བུར་བརྫང་ཐུབ་ན་ངས་བརྫང་མི་ཐུབ་རྒྱུ་ཅི་ཡོད་སྙམ་གྱིན་ཡོད་ལ། མ་འོངས་པར་ལྒང་ལི་ཁུང་བུར་འཛུལ་དང་མི་འཛུལ་དེ་ཚང་མར་གོ་སྐབས་འདྲ་མཉམ་ཡོད་པར་འདོད། ལྒང་བུ་ཁུང་ནང་དུ་འཛུལ་ན་ལྷ་མགོ་མཐོ་བ་ཡིན་ལ་མ་འཛུལ་ན་ལྷ་མགོ་དམའ་བ་ཡིན་པར་ཡང་འདོད་ཀྱིན་ཡོད།

རྡོ་མགོ་དང་ཁོའི་ཁྱིམ་མཚེས་བཀྲ་བློ་གཉིས་ནི་མཉམ་འགྲོ་མཉམ་འདུག་གི་སྟེགས་ལྒང་རྩེད་རོགས་ཡིན་མོད། ལོ་ཁ་ཤས་ཀྱི་རྗེས་སུ་བཀྲ་བློས་སྟེགས་ལྒང་རྩེད་ལུགས་ཀྱི་རྣམ་པ་ཅུང་འགྱུར་ཡོད་པ་ཚོར། དང་པོ་ཙ་ན་ཕམ་ཡང་སྲིད་ལ་ཁེ་ཡང་སྲིད་མོད། ལོ་གཅིག་གི་རྗེས་སུ་ཁེ་མཁན་ཁེ་རྒྱུ་མང་ལ་ཕམ་མཁན་ཕམ་རྒྱུ་མང་དུ་སོང་།དེའི་ཕྱིར་བཀྲ་བློས་ལྒང་ལི་ཁུང་དུ་བརྫང་རྒྱུ་དེ་ལྷ་མགོ་མཐོ་མིན་ལ་རག་ལས་མེད་པར་ལག་རྩལ་ལ་རག་ལས་ཡོད་པའི་ངེས་ཤེས་རྙེད། རྒྱན་མོའི་མགོ་མ་ཚུགས་གོང་ཁོས་རྩེད་མོའི་ཚུལ་དུ་ཐེངས་ཁ་ཤས་རྩེ་བ་དང་། མགོ་དངོས་སུ་ཚུགས་དུས་ཁོ་རང་ལྟད་མོ་ལྟ་མཁན་དུ་གྱུར་འགྲོ།

མི་གཞན་གྱིསབཀྲ་བློ། ཁྱོད་ཚང་ལ་མཛོ་མོ་བཞོན་མ་ལྔ་བཅུ་དང་ས་ཞིང་མང་པོ་ཡོད་ལ། ད་དུང་ཁྱོད་རང་བེ་ཤ་དང་དབྱར་རྩྭ་དགུན་འབུ་བཙལ་མཁས་པོ་ཡོད་པས་སེར་སྣ་དེ་འདྲ་བྱེད་དགོས་དོན་མེད་པས། རྒྱན་འཇོག་ཏུ་ཤོགཟེར་དུས། བཀྲ་བློསང་རང་སེར་སྣ་ཆེ་བས་མིན། ངས་ཚོད་ལྟ་བྱས་ཟིན། རང་ཉིད་དང་མཉམ་དུ་རྩེ་དུས་རང་ཉིད་ཁེ་བཞིན་འདུག་ལ་གཞན་དང་མཉམ་པོར་རྩེ་དུས་ཕམ་པ་ལས་ཁེ་བ་མི་འདུགཅེས་ལབ་པས་ཚང་མས་ཧབ་ཆ་བྱེད། དེའི་ཕྱིར་ཁོ་རང་ནམ་ཡང་ལྟད་མོར་བལྟས་ནས་དགོད་མཁན་ཡིན་པ་ལས་ཕམ་ཁ་རེག་ནས་ངོ་མདོག་འགྱུར་བའི་དུས་ཧ་ཅང་དཀོན།

འཕྲུལ་རྟའི་རྐྱལ་བ་ལ་གྲིས་གཙགས་པའི་ཉིན་དེར། རྡོ་མགོ་ཕམ་ནས་གདོང་ལ་སྤྲིན་ནག་སྟུག་པོས་བཀབ་ཡོད་པ་ལས་འཛུམ་གྱི་ཉི་ཟེར་ཞིག་སྤྲིན་པ་བརྟོལ་ནས་འཆར་བའི་སྔ་ལྟས་གང་ཡང་མི་འདུག

ཁེ་མཁན་དེ་ཚོསདེ་རིང་དེ་ཙམ་གྱིས་ཆོག་པར་བྱེད། དེ་མ་གཏོགས་རྡོ་མགོའི་ཁང་པ་གསར་དུ་རྒྱག་བྱེད་ཀྱི་སྒོར་མོ་ཡང་རྫོགས་སོང་བ་འདྲཟེར་དུས་ནམ་གུང་གི་ཆུ་ཚོད་གཉིས་པ་ཙམ་རེད། ཚང་མས་སྦ་ཁུག་ནས་བརྒྱ་ལོར་བླངས་ཏེ་སྟེགས་བུའི་ཐོག་གཡུག་སྐབས། རྡོ་མགོས་སྦ་ཁུག་སྟོང་བ་དེ་གློང་བའི་ཚུལ་ནི་ཅི་ཞིག་བོར་བ་དང་ཤིན་ཏུ་འདྲ་ཞིང་། སྐད་ཆ་དེས་རྡོ་མགོའི་གདོང་ལ་འཁྲིགས་པའི་སྤྲིན་པ་ཇེ་ནག་ཏུ་བཏང་། ཁེ་མཁན་ཚོས་མུན་པའི་ནང་དུ་གླུ་དབྱངས་ལེན་གྱིན་རང་ཁྱིམ་དུ་ལོག་སྐབས། རྡོ་མགོས་ཤུགས་ཅི་འདྲ་བརྒྱབ་ཀྱང་འཕྲུལ་རྟའི་ཁ་གྲག་མ་བྱུང་། སྣུམ་རྫོགས་པ་ཡིན་ནམ་སྙམ་གྱིན་ཕར་སྒུལ་ཚུར་སྒུལ་ཞིག་བྱེད་སྐབས་ཤག་སྒྲ་གོ་བས་སྣུམ་ཟད་མི་འདུག ཁོས་ཞོགས་པར་འཁོར་ལོར་གྲི་ཡིས་གཙགས་པར་འགྱོད་པ་སྐྱེས། འཁོར་ལོ་གཉིས་པོ་དབུགས་ཆད་ནས་སར་གླན་འདུག་པས་ཤུགས་ཅི་ཙམ་བརྒྱབ་ཀྱང་མདུན་དུ་འགྲོ་བའི་སྟ་གོན་ཙམ་ཡང་མི་བྱེད།

འཕྲུལ་རྟ་འདི་གར་བཞག་ནས་རང་ཉིད་རྐང་ཐང་ལ་ལོག་བསམས་མོད། ཉེ་ལམ་རྐུན་མ་མང་བ་དང་མི་ཚང་མས་དོགས་ཟོན་བྱེད་ཀྱིན་ཡོད་པས་ལམ་འགྲོ་དེ་ཙམ་རྒྱུག་བཞིན་མེད་པའི་རྐུན་མ་ཞིག་ལ་མཚོན་ན། རྡོ་མགོའི་འཕྲུལ་རྟ་ནི་ཁོ་ཚོ་ལག་སྟོང་དུ་འགྲོ་མི་དགོས་པ་ཙམ་ལས། རྡོ་མགོའི་འཕྲུལ་རྟ་རྙིང་གོག་འདི་ཡིས་རྐུ་བྱེད་དུས་ཀྱི་སྣུམ་རིན་ཙམ་ཡང་སོད་དཀའ་བས།འདི་གར་གཡུགས་བཞག་ན་མི་རྐུ་བར་ཡང་སྲིད་ཀྱང་། བརྒྱ་ལ་རྡོ་མགོས་རང་གི་འཕྲུལ་རྟ་འདི་གར་བཞག་ནས་རྐུ་ལ་ཤོར་ཚེ། ཁོ་ལ་འགྱིག་གུར་དེ་ལས་ད་ལྟ་རྒྱུ་ནོར་ཟེར་ན་འཕྲུལ་རྟ་འདི་ལྟ་བུའི་ཕྲན་བུ་ལས་མེད་པས་བཞག་ནས་འགྲོ་སྲོལ་ཞིག་ག་ལ་ཡོད། ཐབས་ཤེས་ཤིག་འཚོལ་དགོས་སྙམ་ནས་ཡར་འགྲོ་མར་འགྲོ་བྱེད་སྐབས།མུན་པའི་ནང་གི་ལྕང་མའི་ཡལ་ག་ལས་ཐག་པ་ནག་པོ་ཞིག་མར་འཐེན་ཡོད་པ་མཐོང་། ཁོས་འཕྲུལ་རྟ་ཐག་པས་བསྡམས་ཙམ་བྱས་ཏེ་འཁུར་བདེ་བོ་ཞིག་ཏུ་བཟོས། ཤེད་ཤུགས་ཡོད་རྒུ་བཏོན་ནས་ཡར་ལངས་ཐུབ་ཙམ་བྱུང་བ་དང་། གོམ་པ་གཅིག་རེ་བཞིན་དལ་བུར་སྤོ་བཞིན་ཁྱིམ་གྱི་ཕྱོགས་སུ་བསྐྱོད།

ཁྱིམ་མཚེས་བཀྲ་བློ་མཚན་གུང་སྒོར་འབུད་སྐབས། རྒྱ་ལམ་ནང་ན་ནག་རོག་རོག་ཅིག་ཡར་ཡོང་གིན་པ་མཐོང་བ་དང་གློག་སྒྲོན་བཀར་བ་ན་རྡོ་མགོས་ལྗིད་མོ་ཞིག་ཁུར་ནས་ཡོང་གིན་པ་མཐོང་།

ཨ་རོག་རྡོ་མགོ ཕར་འགྲོ་དུས་ཁྱོད་ཀྱིས་འཕྲུལ་རྟ་ཞོན་ཡོད་ཀྱང་། ཕྱིར་ལོག་དུས་འཕྲུལ་རྟས་ཁྱོད་རང་ཞོན་འདུག་གམཞེས་དྲིས་ཀྱང་། རྡོ་མགོས་ལན་གང་ཡང་མ་བཏབ། ཁོའི་གདོང་ལ་མིག་ཆུ་ཡིན་ནམ་རྔུལ་ཆུ་ཡིན་པ་མི་ཤེས་པ་ཞིག་གིས་བརླན་འདུག

བཀྲ་བློ་ཕྱིར་ཁྱིམ་དུ་ལོག་ནས་གཉིད་ཨེ་ཐུབ་ལ་བལྟས། མིག་བཙུམས་ན་ཁོའི་མིག་ལམ་དུ་ཤར་བ་ནི་རྨི་ལམ་ཞིང་གི་བཀོད་པ་མིན་པར་རྡོ་མགོའི་ངོ་གདོང་རློན་པ་དེ་རེད། ཁོསརྡོ་མགོའི་མགོ་འདི་རྡོ་འདྲ་བ་ཞིག་འདུག ངས་ཁོ་ལའབུ་ཚ་སྟོད་པའི་ཕོ་གསར་ཚོའི་སྟེགས་ལྒང་རྩེ་བའི་ལག་རྩལ་ཡང་རྩེར་སོན་འདུགཅེས་བཤད་ཀྱང་ཁོ་རང་ཡིད་མི་ཆེས་པར།  ཁོ་ཚོ་དེ་རིང་ལྷ་མགོ་མཐོ་སོང་བ་རེདཟེར་གྱི་རེདཅེས་ཁེར་ལབ་ཅིག་བརྒྱབ། ཁྱིམ་མི་དག་སྔར་ནས་གཉིད་ཟིན་པས་ཁོའི་སྐད་ཆ་ལ་ཁ་ཡ་བྱེད་མཁན་མ་བྱུང་།

རྡོ་མགོས་འཕྲུལ་རྟ་ལྷས་སུ་ཕབ་རྗེས། འགྱིག་གུར་ནང་དུ་འཛུལ། ཉི་གློག་བཀར་བ་ན་འགྱིག་གུར་གྱི་ཕྱི་རོལ་དུ་ཡོད་པའི་རྩྭ་དང་རྩི་ཤིང་དག་ཀྱང་གསལ་བོར་མཐོང་ཐུབ་པ་དང་། ཆུང་མ་ཉལ་ཁྲིའི་ཐོག་ཏུ་ཙོག་བསྡད་ཡོད་པ་ཡང་མིག་ལམ་དུ་གསལ་ལེར་མངོན།

ད་དུང་མི་ཉལ་བར་སུ་ལ་སྒུག་གིན་ཡོད

ཁྱོད་ལ་སྒུག་གིན་ཡོད” ཟེར་བ་ལས། སྔོན་མ་བཞིནའཕྱི་པོ་དེ་འདྲར་ཅི་བྱས་ནས་བསྡད་པ་ཡིནཟེར་ནས་སྡིགས་མ་བྱུང་།

ཁོས་ཆུང་མའི་རྣམ་འགྱུར་ལ་བརྟག་གིན་དེ་རིང་གཏམ་བཟང་འདྲ་མེད་དམ་སྙམ། དོན་དག་ཅི་ཞིག་བྱུང་སོངཞེས་དྲིས་པར།

བྱིས་པ་ཞིག་སྐྱེ་དགོས་པ་མིན་ནམཟེར།

ཁོ་རང་དགོད་ཀྱིནབྱིས་པ་ཞེས་པ་དེ་འདམ་བག་གིས་ལས་པ་བཞིན་དེ་འདྲ་ལས་སླ་མོ་ཞིག་ཡོད་དམཞེས་བཤད།

ཆུང་མསཕྲུ་གུ་ཞིག་ཡོད་ན་ཁྱོད་རང་ཁྱིམ་དུ་སྡོད་མཁན་ཞིག་ཏུ་ཨེ་ཡོང་བསམས། དེ་མིན་ཚར་རྒྱུ་རེད། དངུལ་སྒམ་གྱི་ནང་དུ་སྒོར་མོ་གཅིག་ཀྱང་མེད་པར་བཟོས་འདུག ཁང་པ་ལས་རྒྱུ་ཕར་ཞོག འགྱིག་གུར་འདི་ཡང་སང་ཉིན་གནངས་ཉིན་ཞིག་ལ་བཙོང་དགོས་ས་རེདཅེས་བཤད་པ་དང་ཁོའི་བྲང་ཁར་ཁུ་ཚུར་ཞིག་གཞུས་བྱུང་། ཆུང་མས་དུས་རྒྱུན་ཁོ་ལ་རྡུང་དུས་དེ་འདྲའི་གློ་བུར་ཞིག་མིན་ཚེ། ཁོའི་གདོང་དང་ལུས་ལ་རྨ་ཤུལ་དེ་འདྲ་མང་པོ་ཞིག་ཡོད་དོན་མེད། སྔ་ལྟས་ཙམ་ཞིག་སྟོན་རྒྱུ་ན་ཁོས་མ་མཐའ་ཡང་ཁ་ངོ་བཀབ་ཆོག དེ་རིང་ཁོའི་སེམས་ཁམས་ཁྱོན་ནས་སྐྱིད་པོ་མེད་པ་དང་།དེའི་སྟེང་ལ་ཁུ་ཚུར་ཞིག་ཉོས་པས་སྙིང་གར་ལྷུག་ལྷུག་ཏུ་འཁོལ་བའི་ཁྲག་དམར་ཀླད་པའི་ནང་དུ་རྦ་རླབས་བཞིན་འཚང་བ་ཚོར། ཁོས་ཕྱིར་ཆུང་མའི་མགོ་ལ་ཐལ་ལྕག་ཅིག་གཞུས་པ་ན། གློ་བུར་ཁོའི་སེམས་ལ་སྔོན་ཆད་ཆུང་མའི་བ་སྤུ་ཙམ་ཡང་བསྒུལ་མྱོང་མེད་པ་དྲན་པས། ཐལ་ལྕག་དེའང་ཆུང་མའི་མགོ་ལ་ཁེལ་དུས་ཤུགས་ཆུང་ཆུང་ཞིག་ཏུ་གྱུར་སོང་། དེའི་ལན་དུ་ཆུང་མས་ངུ་སྐད་འདོན་བཞིན་ཁོ་ལ་རྡོག་ཐོས་ནན་མོ་གསུམ་གཞུས་སོང་།

གཉིད་མི་ཁུགས་པའི་བཀྲ་བློས་ཁྱིམ་མཚེས་ཚང་གི་འུར་སྒྲ་ཐོས་པས་གཉིད་པའི་སྣང་བ་དང་ཡོངས་སུ་བྲལ། དེ་ཚང་ལ་ཅི་ཞིག་བྱུང་སོང་ངམ་སྙམ་གྱིན་སྒེའུ་ཁུང་ནས་བལྟས་པ་ན། རྡོ་མགོ་ཚང་ལ་ཁང་པ་ཟེར་བ་བསྟན་རྒྱུ་མེད་པས་ཕར་བལྟ་རྒྱུ་ཞིག་མེད་པར་མར་ལྟ་དགོས། འགྱིག་གུར་གྱི་ནང་དུ་གྲིབ་མ་གཉིས་འཐམས་རེས་བྱེད་ཀྱིན་ཡོད་པ་མཐོང་ཞིང་། ཁོ་ཚང་གི་ཁྱིམ་མི་རྣམས་ཀྱང་གཉིད་ལས་བསླངས་ཡོད་པ་འདྲ། མལ་ཁྲི་གཡོ་འགུལ་བྱེད་པའི་སྒྲ་གསལ་ལ་མི་གསལ་བ་ཞིག་གྲག་ཡོང་། སུས་ཀྱང་ཁོ་ལཅི་བྱུངཞེས་སྐད་ཆ་དྲིས་མ་བྱུང་། ཁོ་ཚང་གི་འགྱིག་གུར་ནང་གི་སྒྲ་དེ་རྒྱུན་ལྡན་ཞིག་མིན་པས། འབུ་ཚ་བ་རྣམས་ཀྱི་སྒེའུ་ཁུང་ཐམས་ཅད་གློག་འོད་ཀྱིས་གསལ་བྱུང་།

རྡོ་མགོས་ཕར་ཆུང་མར་རྡོག་ཐོ་ཞིག་གཞུས་པ་ན། ཆུང་མས་ལྕགས་ཐབ་འགྲམ་དུ་བཞག་པའི་མེ་ཡོག་བླངས་ཏེ་ཁོའི་མགོ་ལ་གཞུས་བྱུང་བར། དེ་ནས་ཐོན་པའི་གཤེར་ཁུ་དམར་པོས་མིག་མདུན་གྱི་ཡོད་ཚད་དམར་པོར་བཏང་སོང་།

ཕྱི་རོལ་ནས་གྲིབ་མ་གཉིས་ཀྱིས་འཐམ་རེས་བྱེད་ཀྱིན་པ་ཙམ་ལས་གནས་ཚུལ་ཞིབ་ཏུ་རྟོགས་མི་ཐུབ་པས། ཁ་ཤས་གུར་ངན་ནང་དུ་འཛུལ་དུས། ད་གཟོད་ཁྲག་གིས་བརྫིས་པའི་བཟའ་ངན་དེ་གཉིས་ཀྱིས་ད་དུང་འཛིང་མོ་བྱེད་སྒང་རེད། ཁོ་གཉིས་ཁ་ཁར་ཕྱེ་པ་ན། རྡོ་མགོ་ཅང་མ་འགོར་བར་ས་ལ་འགྱེལ། ཆུང་མས་རྡོ་མགོ་ལ་གྲི་རྩེ་བཙུགས་པ་ཙམ་ལས་རྨ་ཁ་ཆེན་པོ་བཟོས་མི་འདུག མགོ་ལ་དབྱུག་པས་བརྒྱབ་ཤུལ་དུ་སྲོག་ལ་གནོད་མི་ཡོང་ངམ་སྙམ་པའི་རྨ་ཁ་ཆེན་པོ་ཞིག་འདུག་པས། འགྱིག་གུར་དེའི་ཕྱི་ནང་ཀུན་ཏུ་མི་རྣམས་ཟང་ཟིང་ལང་ལོང་བྱེད།

མྱུར་སྐྱོབ་རླངས་འཁོར་ལྷས་རའི་ནང་དུ་སླེབས་མ་ཐག་རྡོ་མགོ་བརྒྱལ་བ་ལས་སད། ཁོས་རང་ཉིད་ཀྱི་ལུས་པོའི་གང་སར་རྨ་ཁ་བཏོད་འདུག་པ་མཐོང་འཕྲལརྨ་ཁ་འདི་དག་ངའི་ཆུང་མས་བཟོས་པ་མ་རེད། ངས་རང་ཉིད་ལ་གྲིས་བརྒྱབ་པ་ཡིནཟེར་གྱིན་ཉེ་འགྲམ་གྱི་རལ་གྲི་དེ་བླངས་ནས་རང་ལ་བཙུགས་པ་ན། གྲི་རྩེ་ཤ་ལ་ཟུག་པའི་ན་ཟུག་མ་བཟོད་པསཨ་ཚ་ཚཟེར་ཞིང་།  མུ་མཐུད་དུ་ཤུགས་འདོན་པའི་སྤོབས་པ་ཟད། སྨན་པས་ཁོའི་ལག་ནས་གྲི་ཕྲོགས་ཏེ་ཕར་གཡུགས་པ་ན་འགྱིག་ཤོག་གཤགས་ཏེ་ལྷས་རའི་ནང་དུ་ལྷུང་། སྨན་པས་ཁོ་གཉིས་ཀྱི་རྨ་ཁརསྨན་བཅོསཕྲན་བུ་བྱས་རྗེས་ཁོ་གཉིས་མོ་ཊའི་ནང་དུ་བཞག་ནས་དྲུད་སོང་།

གྲིས་གཤགས་པའི་འགྱིག་གུར་གྱི་གས་ཁ་དེ་རླུང་གིས་གཤགས་ནས་ཇེ་ཆེར་གྱུར་ཅིང་། རིམ་གྱིས་གུར་དུམ་བུ་གཉིས་སུ་བཅད་ལ། མཐར་འཚུབ་མ་དང་འགྲོགས་ནས་འགྱིག་ཤོག་ལྷེབ་ཆེན་དེ་གཉིས་གཤོག་པ་ཆེན་པོ་གཉིས་དང་འདྲ་བར་འབུ་ཚ་ལུང་པའི་མཁའ་དབྱིངས་ནས་རྒྱང་དུ་ཁུར། །

རྩོམ་པ་པོ་ངོ་སྤྲོད།

ཀླད་ཀོར། དངོས་མིང་ལ་འཕྲིན་ལས་བཟོད་པ་ཟེར། 1992ལོར་སྨར་ཁམས་བྱིས་གྲོངས་འབུ་ཚ་ལུང་དུ་སྐྱེས། 2016ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན།  2018ལོར་སྒྲུང་འབྲིང་དེབརོ་ལངསདཔར། མི་རིགས་ཀྱི་རྩོམ་རིགདང་།སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《བོད་ལྗོངས་རྩོམ་རིག》《གངས་དཀར་རི་བོསོགས་དུས་དེབ་ཐོག་བརྩམས་སྒྲུང་སུམ་ཅུ་ལྷག་བཀོད།རོ་ལངསདངཞིམ་ཕྲུག་གི་རྐང་རྗེསསོགས་བརྩམས་སྒྲུང་ཁ་ཤས་ཉི་ཧོང་གི་སྐད་དུ་བསྒྱུར་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།