དབྱིས་རིགས་ཡི་གེ་དང་སྟོན་པའི་ཡི་གེ ཡའོ་རིགས་ཀྱི་ཡི་གེ་གྲུ་བཞི་སོགས་རང་རྒྱལ་གྱི་ལྷོ་ནུབ་ཀྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་རིགས་ཕུན་སུམ་ཚོགས་ཀྱང་ཤེས་མཁན་ཉུང་ཉུང་ཡིན། ད་ལྟ་ཡུན་ནན་གྱི་གནའ་གཞུང་གྲངས་གཞི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། སྤྱི་དམངས་དང་དེ་དག་དབར་གྱི་བར་ཐག་ཀྱང་ཇེ་ཐུང་དུ་ཕྱིན་ཡོད།
གསར་འགོད་པས་ཟླ9པའི་ཚེས19ཉིན་ཡུན་ནན་གནའ་གཞུང་སྲུང་སྐྱོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་དེ་གས་ཉེ་ཆར་རྩ་ཆེའི་གནའ་གཞུང་གི་གྲངས་གཞིའི་ཐོན་ཁུངས་ཁག་གཅིག་གསར་དུ་ཁྱབ་བསྒྲགས་བྱས་པའི་ནང་མི་རིགས་ཀྱི་གནའ་གཞུང42དྲ་ཐོག་གི་ཡུན་ནན་དུ་ཐོག་མར་མངོན་པ་དང་། གཞན་ཡང་ཡུན་ནན་གྱི་ས་གནས་དེ་གའི་གནའ་གཞུང་གི་དཔེ་ཆ་རྩ་ཆེན་དེབ623དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་ཡོད་པ་རེད། སྤྱི་དམངས་ཀྱིས“ཀྲུང་ཧྭ་གནའ་གཞུང་ཐོན་ཁུངས་མཛོད”ཀྱི་དྲ་ཚིགས་ཐོག་ལྟ་ཆོག
ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་ལེགས་སྒྲིག་དཔེ་སྐྲུན་འཆར་འགོད་གཞུང་དོན་ཁང་གིས་རྩོམ་སྒྲིག་པར་སྐྲུན་བྱས་པའི་མི་རིགས་ཡི་གེའི་གནའ་གཞུང་གི་གྲངས་གཞིའི་ཐོན་ཁུངས42ཡོངས་བསྒྲགས་བྱས་པའི་ནང་དོན་ལོ་རྒྱུས་དང་རྩོམ་རིག ཆོས་ལུགས་རིག་པ། སྐར་རྩིས། རི་མོ་སོགས་དང་འབྲེལ་བ་ཡོད་པ་དང་། གནའ་གཞུང་དང་ཡི་གེའི་ནང་དབྱིས་རིགས་ཀྱི་ཡི་གེ་དང་། ཏའེ་རིགས་ཀྱི་ཡི་གེ སྟོན་པའི་ཡི་གེ གནའ་བོའི་ཀྲོང་རིགས་ཀྱི་ཡི་གེ ཡའོ་རིགས་ཀྱི་ཡི་གེ་གྲུ་བཞི། ལི་སུའུ་རིགས་ཀྱི་སྒྲ་ཚིགས་ཡི་གེ་སོགས་ཚུད་ཡོད།
ཡུན་ནན་ལྷོ་རྒྱུད་ཀྱི་དབྱིས་རིགས་ཀྱིས་འཛམ་གླིང་གཏོད་པའི་ལོ་རྒྱུས་སྙན་ངག《ཁྲ་མུའུ》གྲངས་གཞིའི་ཐོན་ཁུངས།
དེའི་ནང་ཡུན་ནན་ལྷོ་རྒྱུད་ཀྱི་དབྱིས་རིགས་ཀྱིས་འཛམ་གླིང་གཏོད་པའི་ལོ་རྒྱུས་སྙན་ངག《ཁྲ་མུའུ》ནི་དབྱིས་རིགས་ཀྱི་དཔེ་རྙིང་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ལྡན་ཤོས་ཀྱི་དཔེ་རྙིང་གི་གྲས་ཤིག་ཡིན་པ་དང་། 《ཏུང་ཡུང་དང་ལྷ་མོ་བདུན》ནི་རྒྱ་རིགས་ཀྱི“ཏུང་ཡུང་དང་ལྷ་མོ་བདུན”གྱི་གཏམ་རྒྱུད་ཀྱི་དབྱིས་རིགས་པར་མའི་རྣམ་ཐར་ཞིག་ཡིན་པ་དང་། དེའི་ནང་དབྱིས་རིགས་ཀྱི་དམངས་སྲོལ་དང་ཞིབ་བརྗོད་གཞི་རྒྱུ་མང་པོ་འདུས་ཡོད་པ་དེ་ནི་མི་རིགས་མང་པོའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན།
ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་གིས་འགྲེམས་བསྒྲགས་བྱས་པའི་རང་ཡུལ་གྱི་རྩ་ཆེའི་གནའ་གཞུང་ཁག10དང་དེབ623ཡོད་པ་དེ་དག་ནི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཁྲོད་སྐྱེ་ཁུངས་ཡུན་ནན་ནས་ཡིན་པའི་རྩོམ་པ་པོས་བྲིས་པའི་དཔེ་ཚོགས་ཀྱི་རྩ་ཆེའི་དཔེ་ཚོགས་ཡིན། དེའི་ནང《ཞུའེ་ཧྲན་ཐོག་ཁང་དཔེ་ཚོགས་སུ་བཀོད་མེད་པའི་མ་རྩོམ》ནང་དཔེ་དེབ་རིགས89དང་དེབ254བསྡུས་ཡོད་ཅིང་། ཡུན་ནན་གྱི་ཚད་ལྡན་ཡིག་ཆ་རིག་པ་མཁས་ཅན་དང་ཉར་ཚགས་མཁས་ཅན་ཧྥང་ཧྲུའུ་མེ་ཡིས་བརྩམས་པའམ་ལག་བྲིས་བྱས་པ་རེད། ཁོང་གི་གསུང་རྩོམ་མང་ཆེ་བ་དཔར་དུ་བསྐྲུན་མེད་པས་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་མཐོང་དཀོན་པ་ཡིན།
《ཞུའེ་ཧྲན་ཐོག་ཁང་དཔེ་ཚོགས་སུ་བཀོད་མེད་པའི་མ་རྩོམ》གྱི་གྲངས་གཞིའི་ཐོན་ཁུངས།
“ད་ཐེངས་གསར་དུ་ཁྱབ་བསྒྲགས་བྱས་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་ནི་ཡུན་ནན་གྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྩ་ཆེའི་དཔྱད་གཞི་ཞིག་ཡིན། གྲངས་གཞི་ཅན་གྱི་ནུས་པ་སྤྲད་པ་བརྒྱུད་སྤྱི་དམངས་ཀྱིས་ཡུན་ནན་གྱི་དཔེ་རྙིང་ཤེས་རྟོགས་བྱེད་པར་སྔར་བས་ཕུན་སུམ་ཚོགས་པའི་ཐབས་ལམ་ལྡན་ཡོད”ཅེས་ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་པུའི་ཀྲུའུ་རེན་ཡེན་ཡན་ཕིང་གིས་བཤད།
བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་ཡུན་ནན་གྱི་དཔེ་རྙིང་གྲངས་གཞིར་བཟོས་གྲངས་བསྡོམས་འབོར་པར་ལེན་ཁྲི120ལྷག་ཟིན་པ་དེའི་ནང་རྒྱ་ཡིག་གི་དཔེ་རྙིང་གྲངས་གཞིར་བཟོས་གྲངས་བསྡོམས་འབོར་པར་ལེན་ཁྲི106ལྷག་ཡོད་་པ་དང་། གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དཔེ་རྙིང་གྲངས་གཞིར་བཟོས་གྲངས་བསྡོམས་འབོར་པར་ལེན་ཁྲི13ལྷག་ཡོད་པ་རེད། །