ཟླ9པའི་ཚེས25ཉིན། ཀན་སུའུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས》དང《ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།
ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས(གཤམ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཞེས་བསྡུ་རྒྱུ)སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས། 2024ལོའི་ཟླ8པའི་བར། ཞིང་ཆེན་ཡོངས་ཀྱིས་རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས8809དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ13049གཏན་འཁེལ་བྱས། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས83དང་རྒྱུད་འཛིན་པ68དང་། ཞིང་ཆེན་རིམ་པའི་རྣམ་གྲངས493དང་རྒྱུད་འཛིན་པ758། གྲོང་ཁྱེར(ཁུལ)རིམ་པའི་རྣམ་གྲངས2481དང་རྒྱུད་འཛིན་པ3425། རྫོང(ཆུས)རིམ་པའི་རྣམ་གྲངས5752དང་རྒྱུད་འཛིན་པ8798བཅས་ཡོད། ལ་གཞས་དང་། ཧོན་རྫོང་གི་ཏའོ་ཆིན་པགས་བརྙན་ཟློས་གར། དཔའ་རིས་ཀྱི་གེ་སར་བཅས་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས”ཀྱི་མིང་གཞུང་ནང་བཅུག་པ་རེད།
2018ལོ་ནས་བཟུང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་། རྫོང(ཆུས)དུ་རང་ཚུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལྟེ་གནས25བཙུགས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁང(ས་ཚིགས)421བཙུགས་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་མཐུན་སྦྱོར་ངང་ཤུགས་སྣོན་རྒྱག་པའི་ཐད། 2015ལོར་ཐོག་མར་མགོ་འཛུགས་སྐབས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཞིབ་འཇུག་གསོ་སྦྱོང་ནང་ཞུགས་མཁན་སློབ་གྲྭ4ནས་མིག་སྔའི་མཐོ་སློབ13བར་འཕེལ་རྒྱས་ཕྱིན་པ་དང་། རིམ་རྩིས་བྱས་ན་སློབ་མ་མི་ཐེངས1430ལ་གསོ་སྦྱོང་བྱས་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་ཤེས་ལྡན་པའི་གོ་མིང་དཔྱད་བསྡུར་དང་གདན་ཞུའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གཟུགས་འདས་ཤུལ་བཞག་རིག་གནས་གི་རྒྱུན་འཛིན་པར་མཐོ་རིམ་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱས། ཞིང་ཆེན་སློབ་གསོ་ཐིང་གིས་ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་རིགས་སློབ་གསོའི་ཚོགས་པ་འཛུགས་རྒྱུར་རྒྱབ་སྐྱོར་དང་ལན་ཀྲོའུ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སློབ་གླིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཙུགས་པ་རེད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་ལུང་ཡོན་གྱི་བཟོ་བོ་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས།
དེ་དང་ཆབས་ཅིག་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་རྨོའི་རིག་གནས་སྲུང་སྐྱོང་དང་ཟུང་འབྲེལ་ནུས་ལྡན་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་མཉམ་འདྲེས་ཐུབ་པར་བྱ་རྒྱུ་རེད། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ལས་དོན་ཁང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཞིང་ཆེན་རིམ་པ་དང་དེ་བཞིན་དེ་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་དོན་ཁང121གཏན་འཁེལ་བྱས་པ་དང་། མི་ཐེངས་ཁྲི5ལ་དྲ་ཐོག་གསོ་སྦྱོང་བྱས་ནས། དབུལ་སྒྲོལ་མང་ཚོགས2000ལྷག་ཐད་ཀར་བསྡུ་ལེན་བྱས་ཏེ། མི་ཁྲི1ལྷག་གི་ལས་ཞུགས་སྣེ་ཁྲིད་བྱས་ཤིང་། ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.5ཙམ་ལ་སླེབས་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལས་དོན་ཁང་གི་འགྲེམས་སྟོན་དང་འགྲེམས་ཚོང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟུགས་བརྙན་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་འགྲན་བསྡུར་ཆེན་མོ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་ཇུས་འགོད་ཀྱི་སྤེལ་རེས་ཞིབ་བསྡུར་ཚོགས་འདུ། གཟུགས་འདས་ཤུལ་བཞག་རིག་གནས་དོ་དམ་མི་སྣ་དང་གཟུགས་འདས་ཤུལ་བཞག་རིག་གནས་གི་གསར་གཏོད་ཇུས་འགོད་ཀྱི་གསོ་སྦྱོང་འཛིན་གྲྭ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཇུས་འགོད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མིག་སྔར་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། དམངས་སྲོལ་རིག་གནས་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་འགྲེམས་ཚོང་བཅས་རྒྱུན་རྣམ་ཅན་གྱི་འཕེལ་ཕྱོགས་མངོན་ནས། དེ་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། །