མིའི་མི་ཚེ།
ཨ་ལྡོང་དཔའ་རྡོ་ཐར་གྱིས་བརྩམས།
མཚོ་སྐྱེས་ཀྱིས་བསྒྱུར།
ཁང་པའི་ནང་ཤིན་ཏུ་ལྷིང་འཇགས་སུ་གནས།
ངས་དུ་བ་ཁམ་གང་ཁ་སྒོར་འབྱིན་ཞིང་།
དུ་བའི་ཁ་ཕྱོགས་དང་བསྟུན་ནས་
མི་ཚེ་ལ་བསམ་གཞིགས་བཏང་།
དྲ་ཡོལ་སྟེང་གི་ལྟེབ་གཉེར་དེ་དག་ལས་
རྦ་རླབས་བསྐྱོམས་པས་
ཁོ་བོར་གྲུ་གཟིངས་རྒྱ་མཚོར་འཇུག་དགོས་པའི་གནོན་ཤུགས་ཐེབས།
རྦ་རླབས་རིམ་པ་དང་པོས་ཚུར་ལ་བདས་འོངས།
དེ་ནི་ཁོ་བོའི་བྱིས་དུས་ཀྱི་ལོ་ཟླ་སྟེ་
སྤོ་ལོ་ཞིག་བདའ་འདེད་བྱེད་ཅིང་མཆིས།
རྦ་རླབས་རིམ་པ་གཉིས་པ་ཚུར་ལ་འཕྱུར་འོངས།
དེ་ནི་མཐོ་རྒྱུགས་ཀྱི་སྔ་རོལ་ཙམ་སྟེ་
ངས་རང་ཉིད་ཀྱི་སྐར་གྲངས་དེ་ཤོག་བུ་དམར་པོ་ཞིག་གི་སྟེང་ནས་
འོད་དུ་འཚེར་བ་རྨི་ལམ་དུ་རྨིས།
རྦ་རླབས་རིམ་པ་གསུམ་པ་དེའང་དེ་མུར་ཚུར་ལ་ལུད་ནས་
ཁོ་བོའི་ཨམ་འགྲམ་གཉིས་བརླན་པར་བྱས།
སྐྲ་དཀར་དག་སོ་བ་བཞིན་ཀེར་ནས་སྐྲ་ནག་ལྷག་མ་དག་བསྲུངས་ཡོད།
དངན་པ་རིང་མོ་ཞིག་གི་རྗེས་སུ་
དུ་བ་ཁམ་གང་དེ་སྨུག་སྤྲིན་བཞིན་གར་སོང་ཆ་མེད་དུ་གྱུར།
གཟི་བརྗིད།
——པདྨ་ལ་མྱ་ངན་དུ།
ཨ་ལྡོང་དཔའ་རྡོ་ཐར་གྱིས་བརྩམས།
སྐལ་བཟང་རིན་ཆེན་གྱིས་བསྒྱུར།
༢༠༢༣ལོའི་ཟླ་༥པའི་ཚེས་༨ཀྱི་ཞོགས་པར།
ཆར་གྱི་དོག་པ་རླངས་འཁོར་སྒེའུ་ཁུང་གི་ཤེལ་ངོས་ཡོངས་སུ་བབས།
ངས་ཆར་ཕྱིས་ཆས་ཀྱི་གློག་སྒོ་ཕྱེ་སྟེ་ཟི་ལིང་གི་སྲང་བར་དུ་ཁ་ལོ་བསྒྱུར།
གློག་དམར་ལ་སྒུག་པའི་ཧྲག་བར་དེར་ངས་ལག་པ་བསྲིངས་ནས་ཕྱིར་ལྟའི་མེ་ལོང་གི་ཆར་ཐིགས་ཀྱང་ཕྱིས།
རེ་ཞིག་སོང་བ་ན་ངས་ད་གཟོད་ལམ་ཧྲིལ་བོར་ཕྱིས་པ་ནི་མིག་ཆུ་ཡིན་པ་གཞི་ནས་ཚོར།
མཁའ་དབུགས་དང་རླུང་བུ་ཡོད་ཚད་ཀྱིས།
ཡིད་ཆེས་ཁག་པའི་གཏམ་ངན་དེ་ཕར་སྐྱེལ་ཚུར་བསྐྱལ་བྱེད་ཀྱིན་འདུག
ཁྱོད་རང་ཡང་སྙིང་ང་ཚོ་དང་གྱེས་སོང་།
བས་མཐའི་སྣ་དཀར་རྩེ་རུ།
ཧི་མ་ལ་ཡའི་མཐེ་བོང་ནས།
མཚོ་འཕགས་སྨི་༥༠༠༠མཆིས་པའི་རི་རབ་ཏུ།
ཡུལ་ལྷའི་ཚོགས་ཀྱི་ཞིང་ཁམས་སུ།
ཁྱོད་རང་དུངས་པའི་གློག་བརྙན་གྱི་འགྲིམ་ལམ་དུ།
ཅིས་ཀྱང་མི་འདོར་པའི་བརྙན་མིག་ནས། འཚོ་བ་དང་འཆི་བའི་ཟམ་ཚན་དུ།
ང་ཚོ་དང་གྱེས་སོང་།
ཟི་ལིང་ན་ད་རུང་ཆར་ཟིམ་འབབ་ཀྱིན་འདུག
མཛོ་སྣའི་རྒྱབ་ཕྱོགས་ཀྱི་ཆུ་ནག་སྦ་ཁའི་ཐང་དུ་ད་དུང་ཁ་བ་འབབ་བཞིན་ཡོད་ལ།
སྐབས་དེར་ཁྱོད་ནི་རྒྱང་རིང་གི་ལྷ་ས་རུ་མནལ་འདུག
ངས་ཁྱོད་རང་མཐོང་ཐབས་བྲལ་མོད།
འོན་ཀྱང་ཁྱོད་ཀྱིས་ང་རང་མཐོང་ཐུབ་པར་ངེས།
ཁྱོད་ཀྱིས་༢༠༢༣ལོའི་ཟླ་༥པའི་ཚེས་༡༠ཉིན་གྱི་མཚན་མོ་དེར།
ཟི་ལིང་གནམ་ཐང་དུ་ང་ཚོས་རུ་བསྟར་བསྒྲིགས་ནས་ཁྱེད་ལ་བསུ་མ་བྱེད་པ་དང་།
ལག་གི་ཁ་བཏགས་ཇི་ལྟར་དབུལ་རྒྱུ་མ་ཤེས་པའི་འུ་ཐུག་གི་རྣམ་འགྱུར་དེའང་མཐོང་ཐུབ་ངེས།
ཁྱོད་དང་ངའི་འཇིག་རྟེན་དཀར་ངོགས་ཀྱི་ཕྱག་འཇུ་ཞུ་སྟངས་དེ།
སྐབས་འདིར་ཚེ་འདི་ཕྱི་བར་གྱི་དབུ་གཏུག་ཏུ་བསྒྱུར་དགོས་བྱུང་།
ལྗིད་ཏིག་ཏིག་གི་ན་ཟུག་དེ་ལུགས་འཆལ་གྱི་འདེགས་གནས་ཤིག་གིས་བཏེགས་ནས་ཡོད།
ང་ཚོས་ཁྱོད་ཀྱི་མིང་ནས་འབོད་པར་མི་བཟོད་ལ།
ཁྱོད་ཀྱི་འདྲ་བརྙན་ལ་བལྟ་བ་དང་། ཁྱོད་ཀྱི་སྐད་སྒྲ་ལ་ཉན་པ་ནི་དེ་བས་ཀྱང་ངོ་།
འཇམ་ཐིང་ཐིང་གིས་རློན་ཤིག་ཤིག་གི་ཟི་སྐུ་མྱུར་ལམ་བརྒྱུད་ནས་ཁྱོད་རང་ཡུལ་དུ་སྐྱེལ།
ཁངས་མ་ཆར་ནི་བགྲང་ཡས་མདའ་མོ་བཞིན་ང་ཚོའི་བྲང་གཞུང་ལ་རྡུང་འོང་།
དམར་ལམ་ལམ་གྱི་རླངས་འཁོར་མཇུག་སྒྲོན་ནི་མཚན་སྨག་གི་གཏིང་རིམ་ན་འོད་དུ་འཚེར་བའི་རྣམ་ཤེས་དང་འདྲ།
རླུང་འགོག་ཤེལ་སྒོས་ང་ཚོའི་ཕངས་སེམས་ཀྱི་སྨྲེང་བ་ཅི་ཡང་འགོག་མ་ནུས་པར།
རྨི་ལམ་གྱི་ཆེས་གཏིང་རིམ་དུ་བྱོ་སོང་།
ལ་རྒྱུད་རི་ལམ་དུ། གསོམ་སྡོང་གིས་ཁ་བ་བཀླུབས་པས་བསུ་དམག་དང་འདྲ་ཞིང་།
ནོར་གནག་གི་རྒྱབ་ཀྱི་ཁ་བ་གོར་མོ་ནི་ལག་རྔ་དང་མཚུངས།
ཕུར་བུ་ཞེས་པའི་སྤུན་ཟླ་ཞིག་ཀྱང་མཚན་གྱི་སྨག་རུམ་ཁྲོད།
ཁངས་ཆེན་འཚུབ་པའི་བ་ཡན་ཧ་རི་བརྒལ་ནས་ཁྱོད་ཀྱི་ཕྱོགས་ལ་སྐྱོད་བཞིན་ཡོད།
མཛོ་སྣ་རུ་ང་ཚོས་ཁྱོད་ཀྱིས་གསར་བཞེངས་བྱས་པའི་པ་ཏྲའི་ཕྲ་རྒྱན་ཁང་བཟང་དེ་མཐོང་མོད།
ལྟ་ན་སྡུག་པའི་ཁྱམས་འོག་དེ་རུ་ཁྱོད་རང་འགྲོ་བ་མཐོང་རེ་སྐན།
སྣ་དཀར་རྩེར་ལྡང་བའི་ལྷགས་རླུང་ལགས།
ཁྱོད་ཀྱིས་ཅིའི་ཕྱིར་ངའི་སྤུན་གྲོགས་ལ་སྐྱོར་ཡ་མ་བྱས་ཨང་།
ཁོ་ནི་ལར་ནས་བྲག་གསོམ་བཞིན་དུ་དཔའ་ཆ་ཐང་པའི་ཕོ་རབ་ཅིག་ཡིན།
ཡར་འབྲོག་གཡུ་ཡི་མཚོ་མོ་ལགས། ང་ཡི་སེམས་ཀྱི་ལྷ་མོ།
ཁྱོད་ཀྱིས་བར་སྣང་རྩ་གསུམ་དུ་ཁྱབ་པའི་དུང་དཀར་ཞིག་ས་རུ་བརྡབས་པ་ཨེ་ཤེས་ལགས།
རི་བོ་ཧི་མ་ལ་ཡ་ལགས། ང་ཡི་དགྲ་ལྷ་ཆེན་པོ།
ཁྱོད་ཀྱིས་རི་ཆུ་ཁྲི་འབུམ་ཆོད་པའི་ཅང་ཤེས་ཤིག་བོར་ཟིན་པ་ཨེ་ཚོར་རམ།
རྣམ་པར་སྨིན་པའི་ཁྲོད། འདི་དག་ཐམས་ཅད་ཆུ་ངོས་སུ་ཁ་ཆད་བྱས་ཤིང་།
མཚོ་མོའི་གཏིང་ཟབ་ཏུ་དུས་ཆད་ལ་སོང་བ་དང་མཚུངས་སྟེ།
མཛོ་སྣ་ཞེས་པའི་རུ་སྡེ་ནས་སྣ་དཀར་རྩེ་ཞེས་པའི་ས་མཐའི་བར་དུ།
མི་ཚེ་གཅིག་ནི་བཤུལ་ལམ་རིང་མོ་ཞིག་སྟེ། ཆར་རླུང་གདོང་ལེན་གྱིས་བསྐྱལ།
ཁྱོད་ཀྱིས་འགྲིམས་པའི་ལམ་དེ་ནི་ཁྱོད་རང་འགྲིམ་རྒྱུའི་ལམ་གྱི་འོད་སྣང་ཡིན།
ང་ཚོས་ཁྱོད་ལ་དུངས་པ་ནི། ཁྱོད་ཀྱི་ཟོལ་མིན་གྱི་རྩེར་སྙེག་དང་།
ཞུམ་མེད་ཀྱི་རུས་རྐང་དེ་ཉིད་གཟི་བརྗིད་དུ་རློམ་པ་ལགས།
སྲོག་སྤུན་ལགས། དལ་མོར་ཕེབས་ཤིག དུས་ཀྱི་ཕོ་ཉ་སྐད་ཅིག་ཙམ་ལ་བསྐྱོད་མཚམས་བཞག་པ་དེ་ནི།
ཁྱོད་རང་ང་ཚོའི་སེམས་ཀྱི་རྡོ་རིང་ཞིག་ལ་བཞེངས་པའི་སླད་དུའོ།།
༢༠༢༣ལོའི་ཟླ་༥པའི་ཚེས་༡༥དགོང་མོར་གྱི་ཐང་མཁར་ནས།
ཆོས་དབྱིངས་སྐྱིད།
ཨ་ལྡོང་དཔའ་རྡོ་ཐར་གྱིས་བརྩམས།
ཁྱོད་ནི་བོད་པའི་རྐང་མར་ལས།
ཡུན་རིང་མ་མཇལ་བའི་ཕྲ་ཕུང་སྟེ།
གཞི་ནས་ཨོ་ལིན་ཕིག་གི་མཁའ་དབྱིངས་སུ།
འུ་ཅག་གི་རྣམ་ཤེས་འོད་དུ་སྦར་བའི།
བཀྲག་མདངས་རྣམ་པར་འཚེར་བ་དེ་ལགས།
ཁྱོད་ནི་གངས་རིས་བྱིན་གྱིས་རླབས་པའི།
ཁ་དོག་སྣ་ཚོགས་ཀྱི་དར་ལྕོག་སྟེ།
རྒྱང་རིང་གི་ཡོ་རོབ་ཏུ་ལྷབ་ལྷུབ་གཡོ་ཞིང་།
མི་རྣམས་ཀྱིས་དར་ལྕོག་ངོས་ཀྱི་ཡི་གེ་སེམས་སུ་བཀླགས།
བདག་གིས་བརྙན་འཕྲིན་ལས།
ལོན་ཏོན་ནས་བཞུར་བའི་ཁྱོད་ཀྱི་མིག་ཆུ་མཐོང་བྱུང་།
དེ་ནི་སྐུ་བླ་དར་མདུང་གི་འཁྱགས་རོམ་གྱི་ཞུན་ཐིགས།
ང་ཚོའི་ལོ་རྒྱུས་ཀྱི་ཀློང་དུ་བདུད་རྩི་བཞིན་བབས་ཏེ།
རྨོངས་གཉིད་ཁྲོད་བྱིང་བའི་བརྗེད་ངས་ཀྱི་ཕ་བོང་དེ་བརྟོལ་བྱུང་།
བདག་གིས་ཁྱོད་ལ་སྲིང་ཆུང་མ་ཞེས་འབོད་པར་འདོད་དེ།
ཁྱོད་ཀྱི་སྙན་ངག་ལྟ་བུའི་མིང་བྱང་དེ།
དབྱིན་ཀི་ལན་ནས། ཀོ་ལེན་ཝེ་ཀྲི་ནས།
ཕ་ཡུལ་གྱི་ནམ་མཁར་མཆེད་བྱུང་།
ང་ཚོའི་འཇིག་རྟེན་གྱི་ལྷ་མོ།
ཁྲི་ཤོར་རྒྱལ་མོའི་མཐིང་མདོག་གི་ཀློང་ནས།
ངོ་མཚར་བའི་ཝུ་དཀར་གྱི་རླབས་ཕྲེང་ཞིག་འཕྱུར་བྱུང་།
ངོ་མཚར་ཨང་།
ཁྱོད་ནི་ཡབ་ཆེན་གྱིས་རླུང་རྟ་སྤུར་སྐབས།
མཁའ་དབྱིངས་ཀྱི་ཆེས་མཐོ་ས་ན་འཕུར་གྱིན་པ་དེ་ཡིན།
ཁྱོད་ནི་མ་ཡུམ་གྱིས་འབྲི་མོ་འཇོ་དུས།
ཆེས་སྙན་པའི་ངག་གི་བཞོ་དབྱངས་དེ་ཡིན།
འོ་འཛིན་གྱི་བཀའ་དྲིན།
ཨ་ལྡོང་དཔལ་རྡོ་ཐར་གྱིས་བརྩམས།
འབྲུག་བྱམས་ཚེ་རིང་གིས་བསྒྱུར།
དེ་རིང་ནས་བཟུང་སྟེ། ངེད་ཀྱིས་
གཤོག་ཟུང་གིས་བསིལ་བསེར་རླུང་ལ་བཀའ་དྲིན་ཞུ་བ་ནང་བཞིན
ཁུ་སིམ་གྱི་ངང་དུ་འོ་འཛིན་གང་དེར་བཀའ་དྲིན་ཞུ་རྒྱུ་ཡིན།
ང་ཡིས།འབྱམས་ཀླས་པའི་ས་གཞི་འོ་འཛིན་ལ་བརྩི་བ་དང་།
མཐོངས་ཡངས་པའི་མཁའ་དབྱིངས་འོ་འཛིན་ཞིག་ཏུ་ བརྩིས་ནས།
འཇིག་རྟེན་གྱི་ཆུ་བོ་ཡོད་དོ་ནུ་ཞོ་ལ་བརྩི།
ལུས་ཕུང་གི་ཟུངས་ཁྲག་ཐམས་ཅད་ནུ་ཞོ་ལ་བརྩིས་ཏེ།
ཤ་ལུས་འདིའང་ཀེང་རུས་བཞིན་དུ་དཀར་ཏེ། དཀར་པོ་ཕྱི་གསལ་ནང་གསལ
དཀར་པོ་འོད་ཟེར་རང་འཕྲོ་ཡིན་ལ
ཉི་ཟླ་ནུབ་རིར་མནལ་བའི་མོད་ལ
བགྲོད་པའི་ལམ་ལ་མུན་སེལ་འོད་སྣང་སྦར།
ངའི་སེམས་ན། བརྗིད་པའི་གངས་རི་རེ་རེ་དེ།
ལང་ཚོ་སྨིན་པའི་འོ་འཛིན་རེ་རེ་སྟེ།
ལྡེམ་པའི་སྟོབས་ཀྱིས་ཁཱ་ལོ་ལེ་ལ་རྒོལ་ལན་སྤྲོད།
ན་ཚོད་བགྲེས་པའི་འོ་འཛིན་དག་ནི།
བྱེ་ཐང་གི་ནེའུ་གསིང་སྔོན་མོ་སྟེ།ཟིང་ཟིང་འཚུབ་པའི་བྱེ་ཕུང་གི་ལོག་སེམས་སྙོམས།
ངའི་སེམས་ན། དུད་འགྲོའི་འོ་འཛིན་ནི་དཀར་ཡོལ་ཡིན་ཏེ།
སྐྱེ་བོ་ཡོངས་དང་ལྷ་ཡི་ཚོགས་ལ་མངོན་པར་མཆོད་པའི
སྦྲང་དཀར་རྩམ་པ་སྤུངས་པའི་དཀར་ཡོལ་དེ་ཡིན།
མཐར་ཐུག འོ་འཛིན་ཇི་སྙེད་པ་ནི
ང་རང་སྐྱེ་བ་ཀུན་ཏུ་དྲིན་གྱིས་བསྐྱངས་པའི་མ་ཡུམ་ཇི་སྙེད་ལགས།
ངའི་སེམས་ན། འཇིག་རྟེན་མི་ཡུལ་འདི་འོ་འཛིན་ཆེན་པོ་ཞིག་སྟེ།
རི་བོ་ཧི་མ་ལ་ཡ་དབུས་སུ་ཏོག་ལྟར་འགྱིང་ལ།
ང་ཡི་ཕ་ཡུལ་ཏོག་གུར་རུ་ཆགས།
བདག་གི་ཕ་ཡུལ།
ཨ་ལྡོང་དཔལ་རྡོ་ཐར་གྱིས་བརྩམས།
འབྲུག་བྱམས་ཚེ་རིང་གིས་བསྒྱུར།
གནའ་སྔ་མོ་སྔ་མོ་ཞིག་ལ།
ངས་སྲོག་ཆགས་ཀྱི་ཁྱུ་ལ་འདི་ལྟར་ཁས་བླངས་མྱོང་།
ང་སོང་རྗེས་ཕྱིར་ལོག་ངེས་ཡིན།
དེ་དུས། ང་ད་དུང་འཇིག་རྟེན་དུ་སྐྱེས་མེད།
ལུས་སྦྱིན་ཕ་མ་ཞེས་པ་ཅི་ཡིན
ཆ་འཚལ་གྱི་མི་འདུག
གནའ་སྔ་མོ་སྔ་མོ་ཞིག་ལ།
ངས་རི་བོ་ཞིག་ལའང་འདི་ལྟར་ཁས་བླངས་མྱོང་།
གལ་ཏེ་བདག་གི་ཕ་ཡུལ་དུ་གྱུར་ན།
ནམ་ཞིག་ཁོ་མོར་ཆུ་དཀོན་ཚེ།
ང་རང་ཆུ་རུ་སྐྱེ་ཞིང་། ཁོ་མོར་རྩི་ཤིང་དང་མེ་ཏོག་དཀོན་ཚེ།
ང་རང་རྩི་ཤིང་དང་མེ་ཏོག་དག་ཏུ་སྐྱེ་རྒྱུ་ཡིན།
ཕྱིས་སུ་ང་ནི་མི་ཞིག་ཏུ་སྐྱེས།
དེ་ནི་ངའི་ཨ་མ་དང་ཨ་ཕ་རྣམ་གཉིས་
སྔར་ནས་མི་རུ་སྐྱེས་པའི་རྐྱེན་གྱིས་ཡིན།
དེ་དང་མཉམ་དུ་རི་བོ་ཞིག་ཀྱང་།
བདག་གི་ཕ་ཡུལ་དུ་གྱུར།
ང་རང་ཁོ་མོའི་རྩིབ་ནས་ནར་སོན་ཞིང་།
ཁ་བྲལ་རག་བར་དུ།
ནམ་ཡང་ཆུ་དཀོན་ཞིང་།
རྩི་ཤིང་དང་མེ་ཏོག་ཀྱང་དཀོན།
2014.2.12ཕ་ཡུལ།
སྙན་ངག་པེ་ཅིན་ན་ཡོད།
ཨ་ལྡོང་དཔལ་རྡོ་ཐར་གྱིས་བརྩམས།
སྒང་ལམ་པས་བསྒྱུར།
པེ་ཅིན་ནས་སྒྲ་ཞིག་ང་རང་ཡར་བཏེགས་ཏེ་
མཚན་མོའི་ཡང་རྩེར་དེད་སོང་། གནས་དེ་རུ་སྐར་ཚོགས་དབེན་ཅིང་།
ཟླ་བ་འཆར་རྒྱུ་ཡང་མི་འདུག། སྨུག་རླུང་གིས་གྲོང་ཁྱེར་འདི་ཉིད།
པང་ལ་དམ་པོར་བསྡམས་པ་མ་གཏོགས་ཅི་ཡང་མཐོང་རྒྱུ་མི་འདུག
པེ་ཅིན་ནས་གྲོགས་པོ་ཚོ་དང་ཁ་བརྡ་བྱེད་དུས།མང་ཆེ་ཤོས་ནི་ནང་ཆོས་དང་འབྲེལ་བའི་སྐོར་ཡིན། ཐར་བ་རྟོགས་པའི་ནང་ཆོས་ཀྱི་དགོངས་པས།
སྔ་མོའི་དུས་ནས་བཟུང་ང་ཚོར་ལམ་དཀར་པོ་ཞིག་བསྟན་ཡོད།
འོན་ཀྱང་ང་ཚོའི་གོམས་འགྲོས་དལ་བས།རྟག་དུ་ལམ་བར་ན་ལུས་ནས་ཡོད།
པེ་ཅིན་ནས་སུ་ཞིག་གིས་ཆར་ཆུའི་ཁྲོད་ན་ལྷུང་ཡོད་པའི་སྨྱུ་གུ་དེ་འཐུས་གྱུར་ན་ལམ་སང་ས་ངོས་སུ་"སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།།"
ཅེས་ཡི་གེ་ཆེན་པོ་བརྒྱད་དེ་འབྲི་སྲིད།
པེ་ཅིན་ནས་གྲོང་ཁྱེར་གྱི་བཞུར་སྐར་ནི་བསླུ་ཉོ་བྱེད་མི་དགོས་ཏེ།
འཁོར་ལམ་ལྔ་བ་ནས་གསུམ་པའི་བར་ནི་སྐར་མདའ་གཅིག་ཙམ་གྱི་དུས་ཡུན་རེད།
པེ་ཅིན་ནས་ནམ་མཁའ་ལྟབུའི་རུལ་རྡུལ་འདི་དགནི་དངོས་གནས་ཁབ་མགོ་ཡིན་འདུག
འོན་ཀྱང་ལུས་སྟེང་ལ་བཙགས་ནའང་ན་ཟུག་མེད་པ་ཙམ་མོ།
པེ་ཅིན་ནས་ངས་ནམ་མཁའ་ལ་བཅིངས་པའི་གདུང་བ་དེ་རྩྭ་ཐང་ལ་བསམ་རྟོགས་བྱེད་པ་ལས་ཀྱང་དཀའ་ཚེགས་ཆེ་འདུག
༢༠༡༦ལོའི་ཟླ༢ཚེས༢༩ཉིན་བསྒྱུར།
ཨ་ལྡོང་དཔལ་རྡོ་ཐར།
༡༩༧༡ལོའི་ཟླ་༣་པར་མདོ་སྨད་རྡོ་སྦིས་ནས་སྐྱེས།ཞུས་ཆེན་ལོ་ཙཱ་བ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།ལུའུ་ཤུན་རྩོམ་རིག་སློབ་གླིང་སྐབས་ཉེར་དགུ་པའི་མཐོ་རིམ་ཞིབ་འཇུག་འཛིན་གྲྭའི་སློབ་མ་ཡིན།སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་”གཟི་བརྗིད་མཚན་སྙན་དང་།༢༠༡༧ལོའི་"ཀྲུང་གོའི་སྙན་ངག་བཟང་པོ་བཅུ་”ཡི་བྱ་དགའ།"ཐང་བོད་གནའ་ལམ་རྩོམ་རིག་བྱ་དགའ་”སོགས་ཐོབ་ཡོད་།བརྩམས་ཆོས་མང་པོ་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་བཀོད་ལ་སྙན་ངག་ཕྱོགས་བསྒྲིགས་《ཁ་བའི་སྐྱོ་སྣང》དང་《ཁ་བའི་སྟོང་སྣང》པར་སྐྲུན་བྱས།སྒྱུར་རྩོམ་ལ《མེ་ལྕེ་དང་ཐ་སྙད་》《རི་བོའི་ཕ་རོལ་དུ་ཕྱིན་པའི་སེམས་པ》《ཟླ་བའི་རྨི་ལམ་》བཅས་ཡོད།བརྩམས་ཆོས་ཁ་ཤས་“ཀྲུང་གོའི་སྙན་མགུལ་གྱི་མིང་རིམ་”དང་།《ཀྲུང་གོའི་སྙན་ངག་གཅེས་བཏུས་》《ཀྲུང་གོའི་སྙན་ངག་ལོ་འདེམས་》སོགས་དཔེ་དེབ་ནང་བདམས་ཡོད།