མགར་རྩེ་ཡི་དམ་ཚེ་རིང་གི་དེབ་གསར《རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད》ཅེས་པའི་འགྲེམ་སྤེལ་མཛད་སྒོ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

(རང་རེའི་ཚགས་པར་ཁང་གིས་སྤེལ་བའི་འཕྲིན། གསར་འགོད་པ། ཕག་མོ་རྡོ་རྗེ)ཟླ8པའི་ཚེས27ཉིན་གྱི་སྔ་དྲོར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་མགར་རྩེ་ཡི་དམ་ཚེ་རིང་གི་དེབ་གསརརུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱདཅེས་པའི་འགྲེམ་སྤེལ་མཛད་སྒོ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་བསྡུས།

མཛད་སྒོའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་སློབ་གཙོ་གཞོན་པ་ཟུར་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཞུ་ཆེན་ལོ་ཙཱ་པ་འཇམ་དབྱངས་དར་རྒྱས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་རྟ་མགྲིན་སྐྱབས། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས། བོད་ཀྱི་སྐད་ཡིག་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་བན་དེ་ཚེ་རིང་སོགས་རིག་གཞུང་ཆེད་མཁས་པ་ཉི་ཤུ་ལྷག་ཞུགས་ཡོད།

རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱདཅེས་པའི་དེབ་གསར་འདི་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་མགར་རྩེ་ཡི་དམ་ཚེ་རིང་གིས་བརྩམས་པའི་དབུས་གཙང་རུ་བཞིའི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་ཁག་ལ་བརྟག་དཔྱད་དུ་སོང་བའི་རིག་གཞུང་རྟོག་ཞིབ་ཟིན་ཐོ་ཞིག་རེད།

རྩོམ་པ་པོ་མགར་རྩེ་ཡི་དམ་ཚེ་རིང་།

དེབ་འདིར་རྩོམ་པ་པོས་དབུས་གཙང་རུ་བཞིའི་ཁོངས་ཀྱི་གནའ་ཤུལ་གྲགས་ཅན་བརྒྱ་ལྷག་ལ་རྟོག་ཞིབ་ཏུ་སོང་ནས། གནའ་ཤུལ་དེ་དག་གི་སྔོན་གྱི་བྱུང་བ་དང་ད་ལྟའི་གནས་བབ་ལ་ལོ་རྒྱུས་ཡིག་ཚང་རིག་པ་དང་། རིག་གནས་མིའི་རིགས་རིག་པ། གནའ་དཔྱད་རིག་པ་བཅས་ཀྱི་མཐོང་སྣེ་དུ་མའི་སྒོ་ནས་དཔྱད་ཞིབ་གནང་ཡོད།

ཚོགས་ཐོག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་དེབ་གསར་ལ་དཔྱད་བརྗོད་དང་གདེང་འཇོག་ཚད་མཐོ་གནང་།

མགར་རྩེ་ཡི་དམ་ཚེ་རིང་།

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

མགར་རྩེ་ཡི་དམ་ཚེ་རིང་། ཏུན་ཧོང་ཡིག་རྙིང་ཆེད་ལས་ཀྱི་འབུམ་རམས་པ། 1988ལོར་མཚོ་སྔོན་འབའ་རྫོང་དུ་སྐྱེས། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཏུན་ཧོང་ཡིག་རྙིང་དང་བོད་ཀྱི་གནའ་རབས་ཡིག་ཚང་སྐོར་ཡིན། སྔ་རྗེས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཏེ་སློབ་རམས་པ་དང་། ཤེས་རམས་པ། འབུམ་རམས་པ་བཅས་ཀྱི་བསླབ་གནས་བླངས། སྔ་ཕྱིརཀྲུང་གོའི་བོད་རིག་པདངམཚོ་སྔོན་སྤྱི་ཚོགས་ཚན་རིགམཚོ་སྔོན་མི་རིགས་སློབ་ཆེན་རིག་དེབསོགས་ཀྱི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ། པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་དང་། རྒྱལ་ཡོངས་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ། རྒྱལ་ཡོངས་བོད་ཡིག་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་། གསུམ་པ། བཞི་བ་བཅས་ལ་ཞུགས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།