རྩམ་པའི་འབྱུང་ཁུངས་དང་རིག་གནས།

ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར།
   སྤྱིར་རྩམ་པ་ནི་བོད་མིའི་སྲོལ་རྒྱུན་གྱི་ཟས་རིགས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ་བཟོ་བདེ་ཞིང་། སྤྱོད་བདེ་བ། ཉར་བདེ་བ། ཁྱེར་བདེ་བ་སོགས་ཀྱི་ཁྱད་ཆོས་འཛོམས་ཡོད། དེ་ལ་རིགས་མང་ལ་ནས་རྩམ་དང་ཡུག་རྩམ། སྲན་རྩམ་སོགས་ཡོད་དེ་རྒྱུན་ཟས་ནི་ནས་རྩམ་ཡིན་ཞིང་། ནས་རྩམ་ནི་ཐོག་མར་ནས་སྐམ་དུ་བཅུག་རྗེས། རྔོད་སྣོད་དུ་བརྔོས་ནས་བཏགས་པའི་ཕྱེ་མ་ཡིན་ལ་དྲི་ཞིམ་ཞིང་རོ་བཅུད་ལྡན་པ་ཞིག་རེད།

   ཨ་འབྲུ་ནས་ཀྱི་ས་བོན་མཐོ་སྒང་ཡུལ་གྲུ་སོ་སོར་སྨིན།

  མཚོ་བོད་མཐོ་སྒང་གི་གལ་ཆེ་བའི་བཟའ་འབྲུ་སྐྱེ་དངོས་ཏེ་ནས་ནི་གྲང་ངར་ཐེག་ཐུབ་ཅིང་། ས་རྒྱུ་ཞན་ཡང་སྐྱེ་ཐུབ་པ། སྐྱེས་འཚར་གྱི་དུས་ཐུང་བར་མ་ཟད། འཚམ་མཐུན་རང་བཞིན་གྱི་ཁྱད་ཆོས་ལྡན། སྟོན་ཟླ་འབྲིང་པའི་མཐོ་སྒང་གི་ག་ས་གང་དུ་ལོ་ལེགས་ཀྱི་འབྲས་བུ་སྨིན་འདུག །དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་ཉི་སྟེང་གྲོང་ཚོ་ན། ཚེ་རིང་དབང་མོས་གྲོང་མི་ཚོ་དང་མཉམ་དུ་ནས་བསྡུ་བཞིན་འདུག

   དེ་ཡང་ཁྲོན་ནུབ་ཀྱི་ནས་ཐོན་ཁུལ་གཙོ་བྱས་པའི་རྔ་བ་རྫོང་ནི་རྨོ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། རྨོ་འདེབས་རིག་གནས་དང་ལྷག་པར་དུ་ཨ་འབྲུ་ནས་འདེབས་འཛུགས་ཀྱི་ལོ་རྒྱུས་རྒྱུན་རིང་ཡོད་པས། རྔ་བ་རྫོང་གིས་དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་གནམ་གཤིས་ཀྱི་ཁྱད་ཆོས། དེ་བཞིན་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་པ་སོགས་ཀྱི་ཕན་ནུས་ཅན་གྱི་རྒྱུ་རྐྱེན་དེ་དག་སྡེབ་སྒྲིག་བྱས་ནས། ལོ་བསྟུད་མར་ལོ་ལེགས་བྱུང་། ད་ཆ་ནས་འདེབས་འཛུགས་དང་དེ་བཞིན་ལས་སྣོན་ལས་རིགས་ནི་རྔ་བའི་སྣེ་འདྲེན་ཐོན་ལས་ཤིག་ཡིན་ལ་རྒྱ་ཆེའི་ཞིང་པའི་ཡོང་འབབ་ཡོང་ཁུངས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

   སྦྲང་དཀར་རྩམ་པའི་དྲི་བསུང་བདེ་སྐྱིད་འཚོ་བའི་གསེང་དུ་འཐིམས།

   དཀར་མཛེས་རྫོང་ནི་ཁམས་བྱང་ས་ཁུལ་གྱི་ལྟེ་གནས་སུ་གནས་ཞིང་། ཉག་ཆུ་སྔོན་པོ་འདི་ནས་དལ་བུར་བཞུར་ཏེ་ཡུལ་གྲུ་འདིར་ས་ཡི་ཉིང་བཅུད་ཀྱིས་ཁེངས་པར་བྱས། གལ་སྲིད་ཁྱེད་རང་འབྲས་ལྡན་སྟོན་དུས་སུ་ཡུལ་འདིར་ཕེབས་པ་ཡིན་ན། གཡའ་དག་པའི་ཨ་སྔོན་དབྱིངས་དང་འདྲེས་པའི་ས་ཞིང་ཡངས་པོའི་ནང་གསེར་མདོག་དཔལ་གྱིས་ཕྱུག་པའི་ཨ་འབྲུ་ནས་ཀྱི་སྙེ་མའི་མགོ་ལྕོག་སྟོན་གྱི་བསིལ་རླུང་ལྡང་ཕྱོགས་དང་འགྲོགས་ཏེ་ལྡེམ་ལྡེམ་ཉམས་ཀྱིས་ཕྱུག་པའི་གསེར་རླབས་འཕྱུར་བ་མཐོང་ཐུབ། སྐབས་དེར་ཁམས་བྱང་འབྲུ་མཛོད་ཅེས་པའི་མཚན་སྙན་དེ་ནི་མིང་ལྡན་ཡོངས་སུ་མཚུངས་པའི་མཛེས་ཉམས་ཞིག་ངང་གིས་ཚོར་ཐུབ།

   བཀྲ་དགའ་ནི་ཆུ་གཤེར་རྩམ་པའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོས་རིག་གནས་བྱེད་སྒོ་གལ་ཆེན་ཞིག་གི་ཁྲོད་ནས། ཆུ་གཤེར་རྩམ་པའི་ཁྲོམ་རའི་རིན་ཐང་དངོས་སུ་ཤེས་པ་རེད། དེ་བཞིན་དཀར་མཛེས་ཆུ་གཤེར་རྩམ་པ་འདིའང་ཡུལ་འདིའི་ས་ཞིང་ལས་ཐོན་པའི་ནས་ཀྱི་འབྲུ་རྡོག་རེ་རེ་ནས་ཐོན་པ་ཡིན་ཞིང་། དེའི་ཐུན་མོང་མ་ཡིན་པའི་བཟོ་ཐབས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་ནང་བདམས་ཐོན་བྱུང་ཡོད།

དེ་ཡང་ཆུ་གཤེར་རྩམ་པ་ནི་ཨ་འབྲུ་ནས་ཀྱི་ནང་ནས་ཀྱང་འབྲུ་རྡོག་ཆེ་ཤོས་དང་བྲོ་བཅུད་ཞིམ་ཤོས། སྤུས་ཀ་ལེགས་ཤོས་བཅས་ཀྱི་ནས་འབྲུ་དག་ཡན་ལག་བརྒྱད་ལྡན་གྱི་ཆུའི་ནང་དུ་ཡང་ཡང་བཀྲུས་རྗེས་ཐང་མར་བརྡལ་ནས་ཉི་མར་ལེགས་པར་བསྐམས་མཐར། སླར་ཡང་ཆུ་ཁོལ་ཚ་པོའི་ནང་དུ་གཙང་གཤལ་ལན་གཉིས་ཙམ་བྱེད་དགོས་ལ། དེ་ནས་འཕྲལ་མར་ཆེད་དུ་བཟོས་པའི་རྩྭ་སྒྱེ་ཆེན་མོའི་ནང་དུ་བླུགས་ནས་ཁ་དམ་པོར་བསྒྲོགས་དགོས་པར་མ་ཟད། སྒྱེ་མོ་དེ་རས་ཐུམ་མཐུག་པོས་བཏུམས་ནས་ཞག་གཅིག་བསྙལ་དགོས། དེའི་ཕྱི་ཉིན་དྲི་བསུང་ཕྱོགས་བཞིར་འཐུལ་བའི་ནས་འབྲུ་དག འབུད་ཤིང་དང་ལྕི་བས་སྐྱོར་ནས་ལྷབ་ལྷབ་འབར་གྱིན་པའི་ཐབ་དཀྱུས་ཀྱི་སླ་ངའི་ནང་བླུགས་ཏེ་བརྔོས་རྗེས། ཡོས་ཀྱི་འབྲུ་རྡོག་དག་ལ་ཁྲོལ་ཚགས་ཞིབ་མོ་རྒྱག་དགོས། དེ་ནས་ཆུ་མཆིག་ནང་དུ་འཐག་ཏེ་བྲག་ཐོག་ལུ་གུ་རྒྱུ་རྒྱུ་དང་། བྲག་ཞབས་ཁ་བ་འབབ་འབབ་ལྟར་བྱས་ནས་ཞིབ་མོར་འཐག་ན་ཁ་ལ་ཞིམ་ཞིང་ཁོག་ལའང་ཕན་པའི་སྦྲང་དཀར་རྩམ་པ་མཚུངས་པ་མེད་པ་ཞིག་འབྱུང་ངོ་། །‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍

རྩོམ་སྒྲིག་པ། ཨ་གཡང་སྐྱིད།