ལྔ་བའི་དབྱར་གཏོང་བྱུང་ཚུལ་སྐོར་གྱི་ཕྲན་དཔྱད། འབེ་རྡོར་གྱིས་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དེང་གི་ཆར་མི་སྐོར་ཞིག་གིས་རུམ་གྱི་བྲོ་བསྐྱུར་ནས་ཐང་གི་རྡོ་ལེན་བཞིན་མཆིས་ཏེ། ལྔ་བའི་དབྱར་གཏོང་ཁོ་ནར་མཚོན་ནའང་མི་རིགས་གཞན་གྱི་དུས་ཆེན་ལ་ལད་ཟློས་བྱས་པ་རེད་ཟེར་ཞིང་།   ཡིན་ལུགས་ཀྱི་ཐད་ནས་རང་གི་རིག་གནས་དང་ལོ་རྒྱུས་ལ་བསམ་བློ་མི་གཏོང་བར་ཁ་ཚོན་ཆོད་པའི་སྒོ་ནས་རྒྱའི་གནའ་རབས་ཀྱི་གཏམ་རྒྱུད་འབའ་ཞིག་འདྲེན་བཞིན་ཡོད་དེ། དཔེར་ན།  སྤྱི་ལོ་སྔོན་གྱི་ལོ༢༧༨ཡོས་མས་སུ་ཁྲུའུ་རྒྱལ་ཁབ་ཀྱི་རྒྱལ་བོ་ཁྲུའུ་ཧེ་བཱང་ཏྲའེ་པང(楚国楚怀王翟邦)ཡིས་རང་གི་རྒྱལ་ཁབ་ལ་བློ་དཀར་ཞིང་མཁས་མཛངས་ཉིས་ལྡན་གྱི་བློན་ཆེན་ཆུས་ཡོན(屈原)གྱི་ཤ་ཚའི་སྙིང་གཏམ་ལ་མི་མཉན་པའི་ཁར་རྒྱང་ཕུད་དུ་བཏང་བས་རང་གི་རྒྱལ་ཁབ་འཇིག་པར་མ་བཟོད་པར་ཆུར་ལྕེབས་པའི་གཏམ་རྒྱུད་དང་།  སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ཡས་མས་ཏེ་ཁྲུང་ཆུག(春秋)དུས་ཀྱི་བོའུ་རྒྱལ་ཁབ་ལ་མགོ་བཏགས་པའི་བློན་ཆེན་བུའུ་ཙུས་ཤུ(伍子胥)ཡིས་རང་གི་ཨ་ཁུའི་རོ་སྐྱིན་ལེན་ཆེད།  བོའུ་རྒྱལ་ཁབ་ལ་ཐབས་ཇུས་སྣ་ཚོགས་བཏོན་ཏེ་རྒྱལ་ཁ་མང་པོ་ཐོབ་ཀྱང་རྒྱལ་བོ་ཧྥུའུ་ཋ་ཡིས་གཞན་གྱི་འཆལ་གཏམ་ལ་ཉན་ཏེ་བློན་ཆེན་བུའུ་ཙུས་ཤུ་བསད་པའི་གཏམ་རྒྱུད།  ཡང་ན་ཏོང་ཧན་དུས་ཀྱི་བུ་མོ་ཚའོ་འུས(草娥)རང་གི་ཕ་བསྐྱབ་ཕྱིར་ཆུ་བོར་མཆོངས་ནས་ཤི་བའི་གཏམ་རྒྱུད་སོགས་འདྲེན་ཅི་ཐུབ་བྱེད་པ་རེད།  ཡིན་ནའང་རང་ཡུལ་ལ་རང་སྲོལ་རྣལ་མ་ཞིག་མཆིས་ཤིང་། རང་ངོ་རང་གིས་ཟིན་ཕྱིར།  འདིར་དུས་ཆེན་འདི་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་དང་དུས་ཆེན་གཏོང་སྲོལ། མིང་གི་བྱུང་བ་དང་ཕྲན་དཔྱད་བཅས་ཁག་གསུམ་གྱི་སྒོ་ནས་བཤད་པར་འདོད་དོ།།

གཅིག  རྡོ་སྦིས་ཡུལ་དུ་དར་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད།

དེ་ཡང་གནའ་སྔ་མོ་སྔ་མོ་ཞིག་ལ།   རྒྱལ་བོ་ཞིག་མི་སེར་ཕལ་བར་བརྫིས་ཏེ་གླང་ཟླའི་བཞི་རྒྱལ་གྱི་དགྲ་ལྷ་བསྟད་དེ་ཕྱིར་ཕོ་བྲང་ལ་ལོག་པའི་ལམ་བར་ནས།   བུད་མེད་ཅིག་གིས་བུ་ཆེ་བ་ཞིག་འཁུར་ཞིང་ཆུང་བ་ཞིག་ཁྲིད་ནས་འགྲོ་ལ།  མཚམས་རེར་བུ་ཆུང་བ་དེ་འགྲོ་མ་འདོད་པར་ཕྱིར་འཐེན་བྱས་ཤིང་ངུ་བ་ལ།  བུད་མེད་དེས་སྡིགས་ཤིང་གཤེ་བར་མ་ཟད།  བསྐྱུར་ནས་འགྲོ་བ་སོགས་ལུགས་དང་མི་མཐུན་པ།  མིག་གིས་ལྟར་མི་བཟོད་པ་ཞིག་མཐོང་བས།  ཞབས་འབྲང་བ་ཞིག་འདྲི་གཅོད་དུ་མངགས་པར།  བུད་མེད་དེ་ན་རེ།  བུ་ཆུང་བ་འདི་ངའི་བུ་ཡིན་གྱི།  ཁོ་ལ་གཅེས་སྐྱོང་མ་བྱས་རུང་ཕ་འཛོམས་མ་འཛོམས་ཡིན་པས་ནམ་ཡང་ཕ་མའི་བརྩེ་བ་ཐོབ་སྲིད་ཀྱང་།   ཆེ་བ་འདི་ནི་དྭ་ཕྲུག་ཅིག་ཡིན་པས་འཇིག་རྟེན་འདིར་འདི་ལས་སྡུག་པ་ཞིག་ཡོད་མ་རེད་ཅེས་བརྗོད་པ་དེ་དེ་བཞིན་དུ་རྒྱལ་བོར་གསོལ་བས།  རྒྱལ་བོའི་ཐུགས་ཤིན་ཏུ་དགྱེས་ཏེ་བུད་མེད་དེ་ལ་བཀའ་བསྩལ་བ།  ནངས་ཉི་ཤར་གྱི་རྩེ་མོ་ལ།  ཁྱེད་ཚང་གི་སྒོ་མགོར་སྡོང་ཅོས(སྡོང་བའི་ཡལ་ག)  རྟགས་ཤིག་དང་ཟས་ཐུན་ཞིག་གྲ་སྒྲིག་གྱིས་དང་།  ཁྱེད་ལ་དངོས་གྲུབ་འབྱོར་ངེས་ཞེས་གསུང་བཞིན་གཤེགས་སོ།།ཕྱི་ཉིན་གྱི་ནངས་གཟར་ལ་བུད་མེད་དེས་འཆར་ཅན་གྱི་ཁྱིམ་ལས་དག་ལས་པའི་ངང་ལ་ཁ་སང་གི་དོན་དག་དེ་ཡིད་ལ་དྲན་པས། ཐེ་ཚོམ་དང་བཅས་ཆུ་ལེན་ཞོར་སྡོང་ཅོ་ཞིག་བཅག་པ་དང་ལམ་བར་ནས་རྩྭ་ལྡུམ་གྱི་མེ་ཏོག་འགའ་བཏུས་ཏེ་སྒོ་མགོར་བཙུགས་རྗེས་སྔར་མུས་བཞིན་ཁྱིམ་གྱི་བྱ་བ་ཙག་ཙིག་རྣམས་ལས།  ཏག་ཏག་ཉི་རྩེ་སྒོ་སྟེང་དང་ལྷས་རར་ཕོག་པའི་དུས་སུ།  ཕྱི་ནས་དུང་དང་རྒྱ་གླིང་། རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲགས་འོང་བས་ཁྱིམ་མི་རྣམས་ཇི་མི་སྙམ་དུ་སྒོར་བུད་པ་ན།  རྒྱལ་བློན་འཁོར་དང་བཅས་པས་རྒྱལ་བློན་གྱི་ཆས་སྤྲོས་ཏེ་ཕེབས་པ་མཐོང་བས་ཚང་མ་རྟབ་རྟབ་བོར་གྱུར་ཏོ། ། སྐབས་དེར་ཞབས་འབྲང་བས་འདིར་བྱོན་གྱི་རྒྱུ་མཚན་དག་བཤད་ཅིང་།  རྒྱལ་བོས་བུད་མེད་དེའི་བྱས་པར་བསྟོད་བསྔགས་མཛད་ཅིང་བཟང་བོ་ལ་རྒྱུ་ནོམ་པས་བྱ་དགའ་གྱ་ནོམ་པ་ཞིག་བསྩལ་བ་དང་།  སེམས་དཔའ་ཆེན་མོ་འདི་ལྟ་བུའི་སྤྱོད་པ་རླབས་པོ་ཆེ་མི་ཉམས་རྒྱུན་འཛིན་བྱ་ཕྱིར་ཁྱིམ་དེའི་རྟ་བོང་ར་ལུག་དང་།  འབྲུ་གཡག་མཛོ་གསུམ་སོགས་སྒོ་ཕྱུགས་རྣམས་ཀྱི་རྔ་མ་དང་རྔོགས་མ་བྲེགས་ཏེ་རྟགས་བརྒྱབ་རྗེས།  ད་ནས་བཟུང་རྟགས་བརྒྱབ་པའི་ཕྱུགས་རིགས་འདི་དག་བཙན་པོས་འཕྲོག་མི་ཆོག་ལ་གཉོམ་ཆུང་གིས་བརྐུ་མི་ཆོག་ཅེས་ཁྲིམས་སུ་བསྒྲགས་པས། དེར་འདུས་ཀྱི་མི་ཚང་མ་ཡི་རངས་ཏེ་རྒྱལ་བོ་ལ་ཕྱག་འཚལ་ཞིང་གསོལ་སྟོན་རྒྱ་ཆེན་པོ་བཤམ་པར་འདོད་ཀྱང་སྐྱ་ཟད་སྔོ་སྡུག་གི་དུས་ཡིན་པས་ཤ་འགྱེད་ལ་ནི་ཤེད་མེད་པས་བཤའ་མ་ཐུབ།  འབྲུ་རྙིང་ནི་ཟད་ལ་འབྲུ་གསར་ནི་མ་ཐོན།  ཚང་མའི་འཚོ་བ་ཧ་ཅང་ཐབས་ཆག་ཡིན་པས།  སྔོ་ཚལ་ལས་སྐྱེ་སྔ་བའི་ཀེའུ་ཚོད(ཀེའུ་ལས་བཟོས་པའི་མོག་མོག)ལས་ཏེ་གསོལ་ཚིགས་དྲངས།  རྒྱལ་བོས་སྔོན་བཞེས་མ་མྱོང་བའི་ཀེའུ་ཚོད་བཞེས་པ་ན།  ཧ་ཅང་ཞིམ་པོར་འདུག་པས་དུས་དེ་ནས་བཟུང་ལོ་རེ་བཞིན་རྒྱལ་བོ་དངོས་སུ་གནས་དེར་ལྷགས་ཏེ་ཀེའུ་ཚོད་བཞེས་པའི་སྲོལ་བྱུང་བ་ཡིན་ནོ་ཟེར་ཞིང་། དུས་དེ་ནས་བཟུང་མ་སྲུ་ཚོས་ནངས་གང་སྔར་བལྟས་ནས་ཆུ་ལེན་པ་དང་།  སྐྱེས་པ་ཚོས་རང་གི་དགྲ་ལྷ་མཆོད་ཕྱིར་བསང་གཏོང་བ།  བྱིས་པ་རྣམས་ཀྱི་སྡོང་ཅོ་བཅགས་ཤིང་མེ་ཏོག་བཏུས་ཏེ་སྒོ་མགོ་དང་མཆོད་ཁང་སོགས་སུ་མཆོད་པ་བཤམས།  ཆུ་གྲང་མོས་ཁྲུས་བྱེད་པ།  རྟ་བོང་གི་རྔ་མ་དང་རྔོགས་མ་འབྲེག  བཟའ་བཏུང་དུ་ཀེའུ་གཙོ་བྱས་པའི་སྔོ་ཚལ་གྱི་མོག་མོག་ཟ་བ་བཅས་ཀྱི་ལུགས་སྲོལ་འདི་དེ་དུས་ནས་བྱུང་བ་ཡིན་ཟེར་རོ།།

གཉིས།  རྡོ་སྦིས་ཡུལ་གྱིས་ལྔ་བའི་དབྱར་གཏོང་གཏོང་ཚུལ་བཤད་པ།

སྟོད་ཀྱི་དལ་རྒྱལ་ལབ་ཙེ་དང་སྨད་ཀྱི་ལྔ་བའི་དབྱར་གཏོང་ཞེས་ཡུལ་འདིར་གྲགས་ཆེ་བའི་དུས་སྟོན་གཉིས་ཡིན་ཏེ།  དལ་རྒྱལ་ལབ་ཙེ་ནི་ཧོར་ཟླ་དྲུག་པའི་ཚེས་བཅུ་ཉིན་ཡིན་ལ་ལྔ་བའི་དབྱར་གཏོང་ནི་ཧོར་ཟླ་ལྔ་བའི་ཚེས་ལྔའི་ཉིན་ཡིན།  དེ་ཡང་ལྔ་བའི་དབྱར་གཏོང་གཏོང་ཚུལ་ལ།  ཧོར་ཟླ་ལྔ་བའི་ཚེས་གསུམ་བཞི་ནས་གྲ་སྒྲིག་བྱ་དགོས་ཏེ།  སྐབས་འདི་ནི་ཟོག་ལུག་ལ་ཤ་ཤེད་མེད་ཁར་ཁྱིམ་ཚང་ཚགས་ཞིབ་པ་ཅན་ཞིག་མིན་ན་ཕག་ཤའང་ཟད་ཡོད་ལ། སྔོ་ཚལ་ཀྱང་ཆེན་པོ་སྐྱེས་མེད་པའི་དུས་ཤིག་ཡིན་ཕྱིར་ཁྱིམ་བདག་རྣམས་ཀྱིས་སྔ་མོ་ནས་ཤ་དང་ཀེའུ་སོགས་མཁོ་ཆས་རྣམས་ཚགས་སུ་ཆུད་པ་བྱ་དགོས། ཡུལ་འདིའི་གོམས་སྲོལ་ལ། ཉིན་འདིར་གོན་རྒྱུ་དང་ཟ་རྒྱུ་གཞན་མེད་ཀྱང་ཆོག་མོད་ཀེའུ་ཚོད་ནི་མེད་དུ་མི་རུང་བ་ཡིན་པས། མཚམས་རེར་ཀེའུ་ཉོ་རྒྱུ་མ་ཚུད་པར་ཀ་ཇུ་མཁར་དང་ཡ་རྫི་མཁར་ལ་ཉོ་རུ་སོང་རབས་ཀྱང་བཤད་རྒྱུ་ཡོད།   ཚེས་བཞིའི་ཉིན་སྐྱེས་ཕོ་རབས་རྣམས་ཀྱིས་བསང་ཤིག་དང་བསང་རྩི།  བསང་ཆང་སོགས་བསྒྲིགས་ནས་སང་ཉིན་གྱི་ལྷ་བསང་གཏོང་བར་གྲ་སྒྲིག་བྱས་རྗེས།  བཙོ་ཤ་དང་ཐུག་སྡོར་སོགས་གཏུབ་དགོས་པ་རྣམས་གཏུབས།  གཙབ་དགོས་པ་དག་གཙབས་ནས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད།  མ་སྲུ་མོ་རྣམས་ཀྱིས་ཁྱིམ་མི་གང་བོའི་གོན་པ་དག་ཉི་མར་ལྡེ་ཞིང་གཙང་དག་བྱ་དགོས་པ་དང་ཞོར་ནས་ཀེའུ་བསལ་བ་དང་སྔོ་ཚོད་སྣ་ཚོགས་འཁྲུད་པ།  ཞོ་བསྙལ་བ་སོགས་ཀྱི་ལས་སྣ་ཚོགས་པ་བྱས་ནས་ཕྱི་ཉིན་གྱི་བཟའ་བཏུང་ཆས་གསུམ་ལ་གྲ་སྒྲིག་བྱེད་པ་རེད།  ཚེས་ལྔའི་སྐྱ་རེངས་ཤར་བ་དང་ལྷན་དུ་མ་སྲུ་མོ་རྣམས་ཀྱིས་སངས་རྒྱས་སྨན་བླས་ཆུ་ལ་སྨན་ཆུ་བཏབས་ཡོད་ཟེར་ཏེ་ལག་གང་སྔར་བལྟས་ནས་ཆུ་ལེན་དུ་འགྲོ  ཁྱིམ་མི་གང་བོས་ཁུར་ཡོང་བའི་སྐར་འོག་གི་ཆུ་གྲང་མོ་དང་རྩྭའི་སྟེང་གི་ཟིལ་བ་བཏུང་ཞིང་དེས་ཁྲུས་བྱས་རྗེས། སྐྱེས་ཕོ་རབས་རྣམས་རང་གི་སྐྱེས་ལྷར་ལྷ་བསང་གཏོང་དུ་འགྲོ།  ལོ་ལོན་རྒན་པ་རྣམས་ཀྱིས་ཁྱིམ་བསང་གཏོང་བ་དང་མཆོད་བཤམས་བྱེད་ཞོར་དུས་རྒྱུན་ལས་མང་བའི་ཁ་ཏོན་བྱེད་ལ་ལོ་འབུ་འགོག་པ་ཡིན་ཟེར་ནས་ཞིང་ཁ་སོ་སོ་ནས་ཚ་གསུར་གཏོང་བ་རེད།  བྱིས་པ་རྣམས་ཞིང་ཚིགས་དང་རྐ་ཁ་སོགས་ནས་སྡོང་ཅོ་དང་དྲེས་མའི་མེ་ཏོག རེའུ་ཅག་མེ་ཏོག་སོགས་རྒོད་སྐྱེས་ཀྱི་མེ་ཏོག་བཏུས་འོང་ནས་སྒོ་མགོ་དང་མཆོད་ཁང་སོགས་སུ་བཤམས་པ་དང་།  སྡོང་ཅོ་དང་མེ་ཏོག་ལས་སྡོང་ཞྭ་དང་སྐ་རགས་ལས་ནས་གོན་ཞིང་བཅིང་།  ཁྱིམ་བདག་མ་གཙོ་བྱས་པའི་མ་སྲུ་རྣམས་ཀྱིས་ཀེའུ་དང་ཤ  མར་སོགས་ཀྱིས་མོག་མོག་སྣ་ཚོགས་བཟོས་ནས་རང་གི་ལག་ཟས་ལག་ཆུའི་ཆུ་ཚད་ངོམ།  ཉི་མ་རྩེ་ཤར་གྱི་དུས་སུ་རང་གི་སྲུང་མ་དང་སྐྱེས་ལྷ་ལ་ཟས་མཆོད་ཇ་མཆོད་བྱེད་ལ།  དྲི་ཟར་ཚ་གསུར་བཏང་རྗེས་ཁྱིམ་མི་ལྷན་རྒྱས་ཀྱིས་ཕུན་སུམ་ཚོགས་པའི་ཟས་སྐལ་རོལ།  ནངས་ཇ་འཐུང་རྗེས་སྐྱེས་པ་རྣམས་ཀྱིས་རྟ་བོང་གི་རྔ་མ་དང་རྔོགས་མ་འབྲེག་པ་དང་ཚེ་ལུག་དང་ཚེ་ར་སོགས་ལ་ཆུ་དཀར་ནག་གིས་ཁྲུས་བྱས་རྗེས་ཟས་སྐལ་བྱིན་ནས་སྒོར་ཕུད།  མ་སྲུ་མོ་རྣམས་ཀྱིས་བྱིས་པར་གོས་གསར་བསྐོན་ནས་ཤོམ་བྱས་ཤིང་ཤ་མར་དང་འོ་ཞོ། རྩམ་པ་དང་བྱེ། གོ་རེ་དང་མོག་མོག  བ་མ་བ་ཆ་སོགས་བཟའ་བཏུང་གཡོས་སྦྱོར་གྱི་སྣོད་ཅ་ལག་མ་ཚང་བ་མེད་པར་གྲ་སྒྲིག་བྱས་ནས་བྱིས་པ་རྣམས་ལ་ལམ་པ་བྱེད།  བྱིས་པ་རྣམས་ཀྱང་སེམས་པ་མཐུན་པའི་རུ་རོགས་རྣམས་དང་གྲ་སྡེབ་བྱས་ནས་ཆུ་ཁའམ་སྐྱེད་ཚལ།  ཀླུ་སྡོང་ནང་སོགས་ས་གང་སྐྱིད་གང་བདེར་སོང་ནས་གཞིས་ཆུང(བྱིས་པའི་རྩེ་མོ་རྩེད་པའི་རིགས་ཤིག་སྟེ་ས་རྡོ་ལས་ཐབ་ཀ་སོགས་ཁྱིམ་གྱི་སྣོད་ཆས་ཅ་ལག་འདྲ་བོ་བསྒྲིགས་ཤིང་ཕ་མ་བུ་ཚར་བཅོས་ནས་རྩེད་བ་དེའོ)འཛུགས་ཤིང་ཉིན་གང་བོར་རྩེད་འཇོར་རོལ་ནས་འདུག་པ་ལས་གཞན་བྱ་བ་གཅིག་ཀྱང་མི་བསྒྲུབ།  ཉིན་དེར་སུས་བྱིས་པར་འཛིང་བའམ་གཅར་རྡུང་བྱས་ན་དེ་ནི་བཀྲ་མི་ཤིས་པའམ་ཐན་ལྟས་ཤིག་ཏུ་རྩི་བ་ཡིན།  

གཞན་ཡང་ཉིན་མོ་འདི་ནི་སངས་རྒྱས་སྨན་བླས་སྨན་སྦྱིན་སྟོང་བའི་དུས་ཆེན་དང་།  རྡོ་སྦིས་མཆོད་རྟེན་རང་བྱོན་གྱི་རྟེན་མཇལ་དུས་ཆེན་ཡང་ཡིན་པས་བཀྲ་ཤིས་སུམ་འཛོམས་ཀྱི་ཉིན་མོ་ཡིན་པར་བཤད། སྨན་པས་ཉིན་འདིར་བཏུས་པའི་རྩྭ་སྨན་ལ་སྨན་ནུས་ལྡབ་འགྱུར་ལས་ཀྱང་ཆེ་ཟེར་ནས་སྨན་འཐུ་རུ་འགྲོ་མཁན་འགའ་རེ་ཡོད་པ་ལས་གཞན་རྣམས་ཀྱིས་སྡིག་ལས་སྤངས་ཏེ་ཁྱིམ་ནས་ཁ་ཏོན་དགེ་སྦྱོར་བྱེད་པའམ་ཡང་ན་མཆོད་རྟེན་རྣམ་དག་ཆེན་མོར་ཕྱག་སྐོར་དང་མཆོད་མཇལ་བྱེད་དུ་འགྲོ་བ་རེད།  སྔ་དྲོར་མི་རྣམས་མཆོད་རྟེན་ལ་ཕྱག་སྐོར་ལེན་པ་དང་།  ཕྱི་དྲོའི་དུས་སུ་རྒན་པ་རྣམས་རིམ་བཞིན་རང་ཁྱིམ་དུ་ལོག་འགྲོ།  ཤུལ་དུ་ལུས་པའི་གཞོན་དར་རྣམས་མཆོད་རྟེན་གྱི་མདུན་ཐད་དུ་བཞུར་བའི་གཞུང་ཆུའི་འགྲམ་གྱི་འདན་མའི་ནེའུ་ཞེས་པ་རྩྭ་ཆུ་འཛོམས་ཤིང་ཤིང་སྣ་མང་བའི་ནེའུ་གསིང་ཉམས་དགའ་བ་དེར་འཛོམས་ཏེ་ཁ་ལག་དང་རྐང་བ་འཁྲུད་ཞོར། ཁ་ཀི་ལི་བར་མེད་དུ་འདེབས་ཤིང་ངག་སྙན་མོས་ལ་གཞས་གང་འདོད་དུ་ལེན་པས་ན། རིམ་བཞིན་སྡེ་བ་དང་སྡེ་ཕྱོགས་བྱས་ཏེ་མཚན་གང་བོར་སྲིད་པའི་གླུ་རྒན་ལེན་ཞིང་སྣང་མཐུན་རོགས་ལོ་འཚོལ་བ་དང་གཉེན་རྟགས་རྒྱག་པ་སོགས་ཕོ་མོའི་རྩེ་འཇོ་ལ་རོལ།  དུས་དེ་ཙ་ན་རང་གི་ཆུང་མའམ་སྲིང་མོ་སོགས་སྐྱེས་པ་གཞན་གྱིས་ཁྲིད་པ་སོགས་རིག་ནའང་མ་རིག་ཁུལ་བྱེད་དགོས་པ་ལས་དེ་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཚེ་ཆོད་ཀ་མེད་པའི་མིར་བརྩི་ཞིང་གཞན་གྱིས་འཕྱ་དགོད་བྱེད་སར་འགྱུར། དེ་ཕྱིར་རྟ་འདོ་བ་རང་གི་ཡན་ཞིག་དགོས།  རྒྱུ་ཆུང་མ་རང་གི་མན་ཞིག་དགོས་ཞེས་ཟེར་སྲོལ་ཡོད་ལ། རྒྱུ་ཆུང་མ་བརྩད་ན་རྩོད་སྲོལ་མེད། རོགས་ཆུང་ལོ་བརྩད་ན་བརྩད་ནི་ཡིན་ཞེས་ཀྱང་ཟེར།  འོན་ཀྱང་ད་ལྟ་ལུགས་སྲོལ་འདི་འགྱུར་བཞིན་ཡོད་པ་རེད།  

གཞན་ཡང་ཆུ་ཐམས་ཅད་སངས་རྒྱས་སྨན་བླས་བྱིན་གྱི་བརླབས་པར་གྲགས་པས་ཁྲུས་ལན་གཅིག་བྱས་ནའང་ལུག་ཤ་བུབས་ཤིག་གི་ཕན་ནུས་ཡོད་ཟེར་བས།  སྐྱེས་ཕོ་མོ་རྣམས་ཀྱིས་ཁྲུས་བྱེད་ཅིང་།  གཡང་དཀར་ལུག་ཁྱུ་གཞུང་ཆུའི་ནང་དེད་དེ་ཁྲུས་བྱས་རྗེས་ལུག་སངས་བ་ཡིན་ཟེར་ནས་ཁ་རང་སྟེ་དབྱར་སར་སྤོར་བ་ཡིན་ནོ། །

གསུམ།  མིང་གི་རྣམ་གྲངས་དང་དེའི་བྱུང་ཚུལ་བཤད་པ། 

ལྔ་བའི་དབྱར་གཏོང་ལ་ས་ཆ་སོ་སོ་ནས་མིང་གི་འབོད་ཚུལ་དུ་མ་ཞིག་ཡོད་དེ། དབྱར་ཟླ་གསུམ་ལས་འབྲིང་བ་ཡིན་པས་དཔྱིད་རྨོ་ལོག་རྒྱག་དང་སྟོན་སྡུད་གཡུལ་གཅོག་ལྟ་བུའི་ལས་ཚགས་མེད་པར་མི་རྣམས་ཁོམ་ལོངས་ཡོད་པ་དང་མར་ཕྱུར་གསོགས་པའི་མགོ་མ་ཡིན་པ་དང་ལས་ཚིགས་སྲོལ་གཏོང(དགུན་གྱི་ལོ་གསར་དང་དཔྱིད་ཀྱི་ཐོང་སྐལ་འབྱེད་པ། སྟོན་གྱི་བྱེ་གསར་རམ་ཟོར་འཇོག་སྟོན་མོ་སོགས་དུས་ཚིགས་དང་ལས་ཀ་སྣ་ཚོགས་ལ་མཛད་སྒོའི་སྟོན་མོའམ་རྟེན་འབྲེལ་སྒྲིག་སྲོལ་ཡོད་པ་དེ་ལ་གོ)ཡིན་པས་ལྔ་བའི་དབྱར་གཏོང་ཟེར་བ་དང་།  ཉིན་དེར་བྱིས་པ་རྣམས་ཀྱིས་རང་གི་སེམས་མཐུན་རུ་རོགས་རྣམས་དང་གྲ་བསྡེབས་ནས་གཞིས་ཆུང་བཙུགས་ཏེ་ཉིན་གང་བོར་རྩེ་འཇོར་རོལ་བས་བ་མ་བ(སྦྲ)གཞིས་དང་།  དཔྱིད་ས་ནས་དབྱར་སར་རུ་སྤར་ཞིང་འབྲུ་མོའི་འོག་གི་བེའུ་བཟུང་ནས་འོ་མ་དང་མར་ཕྱུར་གསོགས་པའི་མགོ་བརྩམས་པས་ལྔ་བའི་བེའུ་འཛིན་ནམ་ལྔ་བའི་བ་བེའུ་ཟེར་ལ།   བྱེད་རྩིས་ལྟར་ན་ཉིན་དེ་ནི་གླང་ཟླ་གླང་ཉིན་དང་།  སྐར་མ་རྒྱལ་ལ་ཁེལ་བ་སྟེ་རང་གི་དགྲ་ལྷ་བསྟོད་ཅིང་ཚོ་བའི་གྲོས་གཞི་འདོན་པས་གླང་ཟླའི་བཞི་རྒྱལ་ཡང་ཟེར་རོ། །

བཞི། དུས་ཆེན་བྱུང་ཚུལ་ལ་ཕྲན་ཙམ་དཔྱད་པ།

དེ་ཡང་ཏུང་ཧོང་གཏེར་ཡིག་ཁྲོད་ཀྱི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པའི་ནང་དུ།  བྱ་གགི་ལོ་ལའ་བཙན་པོ་དབྱར་སྟོད་ཕོ་དམ་མདོ་ན་བཞུགས་ཤྀང། དབྱར་སྨད་སུམ་ཆུ་བོར་སྤོསྟེ། འདུན་མ་འདོང་ཀའྀ་ནེ་ཙོ་ལུང་དུ་མཁར་བཙན་སྙ་ལྡོམ་བུ་དྔ།  ཁྲྀ་འབྲྀང་བཙན་བྲོད་གཉྀས་གྱིས་བསྡུསྟེ་འབྲོག་མཁོས་ཆེན་པོ་བགྱིས།  དགུན་ཕོ་བྲང་ཤངས་གྱྀ་རབ་ཀ་ཙལ་དུ་གཤེགས་ཤྀང།  འདུན་མ་དུངས་གྱི་སྟག་ཙལ་དུ་བསྡུསྟེ།  མུན་མགྀ་རྐང་ཏོན་བགྱྀས།  ཕ་ལོས་བཀུག་པར་ལོ་གཅིག་ཅེས་པ་ལྟ་བུའི་ཚིག་མང་པོ་ཞིག་བཀོད་ཡོད་པར་གཞུགས་ན།  བོད་བཙན་པོའི་དུས་ནས་བཟུང་དབྱར་འདུན་དང་དགུན་འདུན་བསྡུས་པའི་ལུགས་སྲོལ་དར་ཡོད་པ་མ་ཟད།  བྱ་གཞག་གལ་ཆེན་དུ་བརྩིས་ནས་སྡུད་མཁན་དང་བསྡུ་ཡུལ།  དུས་ཚོད་དང་དེའི་སྟེང་ནས་ཐག་བཅད་པའི་བྱ་བ་དང་བཅས་པ་གནད་དུ་བཟུང་ཡོད་པ་དང་།  ཐང་ཡིག་གསར་མ་ལས། རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ།  དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད།  ལོ་གསུམ་ན་འདུན་མ་ཆེ་རེ་བསྡུ་ཞེས་བཀོད་ཡོད་པས་ལོ་རེ་རེ་ཆུང་ངུ་རེ་དང་ལོ་གསུམ་གྱི་ནང་ནས་ཆེན་པོ་རེ་སྡུད་བཞིན་ཡོད་པ་གསལ་བོར་ཤེས་ཐུབ་ལ། དེ་ཡང་དབྱར་འདུན་དང་དགུན་འདུན་ཞེས་ལོ་རེར་ཐེངས་གཉིས་རེར་སྡུད་བཞིན་པ་དེ་སྐབས་དེའི་སྤྱི་སྲོལ་ཞིག་ཏུ་ཆགས་ཡོད་པས་ཕྱིས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ་རྒྱུན་བསྲིངས་པ་ནི་ཡིན་སྲིད་དེ་སྤྱི་བསང་གཏོང་བ་དང་རང་གི་ཞིང་ས་དང་འབྲོག་ས་སྲུང་བ།  ཁྲལ་བདག་ལངས་བ་སོགས་འདྲའོ།  །

དབྱར་འདུན་དེ་དུས་ནམ་ཞིག་ལ་སྡུད་པ་རེད་ཅེ་ན།  དེ་ཡང་འདི་ལྟར་ཤེས་དགོས་པ་སྟེ།  དབྱར་ཟླ་ར་བ་ནི་བྱི་ཟླ་ཡིན་པ་དང་། བོད་ཀྱི་ས་བབ་ཀྱི་དབང་གིས་རྩྭ་ཆུ་ཞན་ཞིང་ཟོག་ལུག་ལ་ཤ་ཤེད་མེད་པ་དང་མར་ཕྱུར་སོགས་ཅུང་དཀོན་པའི་དུས་སྐབས་་ཤིག་ཡིན་པས་དོན་དམ་དུ་དབྱར་སླེབས་མེད།  གཞན་ཡང་ས་ག་ཟླ་བ་ཡིན་པས་མི་རྣམས་ཀྱིས་བཞི་བའི་སྨྱུང་གནས་དང་བཞི་བའི་མཎྟལ་འབུལ་བ་སོགས་དགེ་སྦྱོར་ཁོ་ན་བྱས།  ཟླ་ལྔ་བ་དང་དྲུག་པ་ནི་གླང་ཟླ་དང་སྟག་ཟླ་ཡིན་པས། གླང་ནི་བརྟན་ཞིང་ཡུན་རིང་བ་དང་སྟག་ནི་མྱུར་ཞིང་བཙན་པས་འདིའི་དུས་སུ་བྱ་བ་གལ་ཆེན་གྱི་ལས་རྣམས་བགྱི། བྱང་འབྲོག་གི་ལམ་ཡིག་ལས། འབྲོག་མིའི་ཡུལ་ཁྲིམས་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་ནི་འབྲོག་རུ་སོ་སོར་ཡོད་པའི་རྒན་པ་ཞེས་པའི་འབྲོག་མི་རྒན་རིམ་བློ་ཁོག་དྲང་བ་དག་གིས་བྱེད་ཅིང་།  དུས་ནི་གླང་ཟླའི་བཞི་རྒྱལ་དང་།  དེར་མ་གྲུབ་པ་རྣམས་སྟག་ཟླའི་འདུ་བའི་སྐབས་སུ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག་ཅེས་པ་ལྟར་ལོ་གཅིག་གི་བྱ་བ་གལ་ཆེན་གྱི་རིགས་ནི་གླང་ཟླ་དང་སྟག་ཟླའི་ངོས་གཏན་གྱི་ཉིན་མོར་ཐག་གཅོད་བྱེད་བཞིན་ཡོད་པ་དེ་ནི་བོད་རོང་འབྲོག་སྤྱིའི་བྱ་བའི་འགྲོས་རིམ་ཞིག་ཏུ་སྣང་སྟེ།  དེ་ལས།  གླང་ཟླའི་བཞི་རྒྱལ་ཞེས་པ་ནི་འབྲོག་པའི་ལྷ་གསོལ་གྱི་དུས་སྟོན་ཆེ་ཤོས་ཤིག་རེད།  དུས་སྟོན་དེའི་ཆེད་དུ་འབྲོག་མི་དག་གིས་རས་ཁ་དོག་སྣ་ཚོགས་པར་རླུང་རྟའི་རིག་པར་བཏབ་པའམ།  ཡང་ན་དར་རྒོད་ཀྱི་སྣེ་རྣམས་སུ་རས་དཀར་དམར་ལྗང་སེར་སྔོན་པོ་དག་གིས་བརྒྱན་པ་མང་དུ་བཟོ་སྲོལ་ཡོད་ཅེས་དང་།  སྐྱེ་བོ་དེ་དག་ལྷ་རིའི་རྩེའམ་གཞི་བདག་ཆེ་ཁག་གི་ཞོལ་སོགས་ལྷ་གསོལ་གྱི་འདུ་གནས་གང་ཡིན་དེར་འབྱོར་རྗེས་ཡུལ་དེའི་བླ་གྲྭ་རྣམས་ཀྱིས་ལྷ་བསངས་ཀྱི་ཆོ་ག་དང་འབྲེལ་བའི་སངས་མཆོད་རྒྱས་པར་འབུལ་ཞིང་།  དམིགས་གསལ་ཡུལ་ལྷ་ལ་བསང་མཆོད་འབུལ་བའི་མཚམས་དེར་འབྲོག་མི་རང་རང་གིས་ཁྱེར་ཡོད་པའི་བསངས་རྩི་དང་སངས་ནང་དུ་འབུལ་བ་དང་ལྷན་དུ་ཀི་བསྭོ་ཆ་སྒྲ་དིར་དིར་གྱི་སྒོ་ནས་སོ་སོའི་འདོད་པ་ལྟར་ཁ་སྨོན་མི་འདྲ་བ་སྣ་ཚོགས་རྒྱག་སྲོལ་ཡོད་པ་རེད་ཞེས་དང་།   དེ་ནུབ་ལྷ་རིའམ་གཞི་བདག་དེའི་ཉེ་འགྲམ་གྱི་སྤང་ཐང་ཞིག་ནས་སྒར་བབས་ཤིང་། དེའི་ཚེ་འབྲོག་མོ་དག་གིས་གཟབ་མཆོར་སྤྲས་ནས་ཤ་མར་ཐུད་གསུམ་གྱིས་གཙོས་པའི་བཟའ་བ་དང་།  འོ་ཞོ་སོགས་བཏུང་བའི་རིགས་དང་ཁྱེར་ཏེ་དེར་འབྱོར་ཞིང་།  དེ་ནས་འབྲོག་མི་གཞོན་ནུ་དག་གིས་རྟ་ལ་སྒ་མེད་པར་སྦུ་ལི་མ་ཞེས་བྱ་བའི་རྟ་རྒྱུག་བྱེད་ཀྱི་ཡོད་པ་རེད་ཅེས་དང་།  ཉིན་ཕྱི་མར་འོས་ཐོབ་པའི་རྟ་དག་བརྒྱད་གཤིབས་སུ་འགྲན་པ་དེ་ལས་རྒྱལ་ཁ་ཐོབ་པ་དག་ནི་རྟ་རྒྱལ་ཨང་གསུམ་པ་དང་།  ཨང་གསུམ་པའི་གྲས་རྣམས་བཞི་གཤིབས་སུ་འགྲན་པའི་རྒྱལ་ཁ་ལ་ཨང་གཉིས་པ་དང་།  ཡང་ཨང་གཉིས་པའི་གྲས་རྣམས་ལྷན་གཤིབས་སུ་འགྲན་པའི་རྒྱལ་ཁ་ནི་ཨང་དང་པོ་སྟེ།  དེ་ལ་ཐུན་མོང་ནས་རྟ་རྒྱལ་གང་བཞག་པ་དེ་འཐོབ་པ་རེད་ཅེས་དང་།   ཉིན་གསུམ་པར་ཡུལ་གྱི་རྒན་རིམ་དག་ལྷན་དུ་འཚོགས་ནས་འདུས་པ་ཞེས་བྱ་བའི་གྲོས་ཚོགས་ཤིག་འཛུགས་སྲོལ་ཡོད་པ་དེ་ནི་ལོ་གཅིག་གི་རིང་ལ་དགོས་ངེས་པའི་ཡུལ་ཁྲིམས་དང་། ཡུང་ནང་གི་བདེ་འཇགས་སླད་ཀྱི་འཆར་ཅན་འགའ་ཞིག་གཏན་འབེབས་བྱེད་པ་བཅས་ཡིན་པ་རེད་ཅེས་བྱང་འབྲོག་ཡུལ་ཀྱི་འབྲོག་པས་གླང་ཟླའི་བཞི་རྒྱལ་གཏོང་ཚུལ་རྒྱས་པ་ཞིག་གསུངས་ཡོད་པས།  ང་ཚོས་དེ་ལས་ཤེས་ཐུབ་པ་ནི་གླང་ཟླའི་བཞི་རྒྱལ་ནི་ལོ་གཅིག་གི་བྱ་བར་གྲོས་གཞི་འདོན་པའི་འདུས་པ་ཆེན་པོ་ཞིག་ཡིན་པ་དང་ཉིན་དང་པོ་དང་གཉིས་པར་ལྷ་གསོལ་རྟ་རྒྱུག་རྒྱལ་འཇོག་བྱས་པ་དང་།  ཉིན་གསུམ་པ་ནས་རྒན་པ་བསམ་ཤེས་རྣམས་འདུས་ནས་ཉིན་གསུམ་བཞི་ལ་སྡེ་ཕྱོགས་དང་ཚོ་བའི་དོན་ཆེན་ལ་གྲོས་གཞི་འདོན་པ་བཅས་གསལ་བར་གསུངས་ཡོད་པ་དང་།  ཧོར་གླིང་གཡུལ་འགྱེད་དུ་གླང་ཟླའི་བཞི་རྒྱལ་ལ་ཧོར་ཡུལ་དུ་དམག་དྲངས་པའི་ལོ་རྒྱུས་སོགས་བཀོད་ཡོད་པར་གཞིགས་ན། ལུགས་སྲོལ་འདི་ཡང་གནས་སྐབས་ཙམ་དུ་བྱུང་བ་ཞིག་མ་ཡིན་པར་མི་རིགས་ཤིག་གི་རུས་རྐང་ལ་ཟུག་ཡོད་པའི་གནའ་བའི་སྲོལ་རྒྱུན་ཆ་ལུགས་ཤིག་རྒྱུན་འཇགས་སུ་གྱུར་ཡོད་པ་ཤེས་ཐུབ།

རོང་ཕྱོགས་སུ་དུས་ཆེན་ལ་ཉིན་གཅིག་ལས་མེད་དེ།  མི་རྣམས་གཏན་སྡོད་གྱི་འཚོ་བ་རོལ་བ་དང་ཡུལ་ཁྲིམས་སོགས་ནི་ཡུལ་དཔོན་ནས་ཐག་གཅོད་པ་ཡིན་པས་རྟ་རྒྱུག་རྒྱལ་འཇོག་དང་རྒན་པའི་གྲོས་བསྡུར་སོགས་རིམ་བཞིན་ཉམས་དམས་སུ་གྱུར་ཡོད་པ་དང་། ལྷ་མཆོད་སྤྲོ་གཏོང་དང་རང་སྡེའི་ཁང་ཁྱིམ་ཞིང་སར་ཆོས་སྐོར་ལ་འགྲོ་བ།  སྲིད་པ་རྒན་པའི་གཏམ་དཔེ་ལ། ལྔ་བའི་དབྱར་གཏོང་སྔིན་ལ་སྲིད་པ(ཁྲལ་པའམ་ཁྲལ་བདག)ལངས་སྲོལ་མེད།།བརྒྱད་པའི་བཅོ་ལྔའི་གཞུག་ནས་སྲིད་པ་རྒྱུགས་སྲོལ་མེད་ཟེར་བ་བཞིན་དུ་ཉིན་འདི་ནས་བཟུང་སྟོན་བསྡུས་བར་དུ་སྲིད་པའམ་ཁྲལ་བདག་ལངས་ནས་གཞན་གྱི་ནོར་ལུག་རང་སར་ཡོང་ཡོད་མེད་དང་ས་རྒོད་སློག་ཡོད་མེད།  སྡོང་ཕྲུག་སོགས་བཙུགས་ཡོད་མེད་ལ་ལྟ་རྟོག་དང་།  ཚོང་བ་རྣམས་ལ་ས་ཁྲལ་དང་གཞན་པའི་རྫི་བོ་ལ་རྩྭ་ཁྲལ།  ཟོག་ལུག་འདེད་མཁན་ལ་ལམ་ཁྲལ་སོགས་སྡུད་བའི་འཆར་ཅན་གྱི་འགྲོ་ལུགས་སྒྲུབ་པ་ཙམ་མོ།།   

མདོར་ན་ལྔ་བའི་དབྱར་གཏོང་ནི་མི་རིགས་གཞན་པའི་ལུགས་སྲོལ་ཞིག་བོད་ལ་དར་བ་མ་ཡིན་པར་བོད་རོང་འབྲོག་གི་དབྱར་མགོ་ལས་ཚིགས་དུས་ཆེན་གཏོང་བའི་གོམས་སྲོལ་ཞིག་བོད་དང་བོད་ཀྱི་འདབས་འབྲེལ་མི་རིགས་ལ་དར་ཁྱབ་སོང་བའི་དུས་སྟོན་ཞིག་ཡིན་པས་ན་བོད་རང་ས་ནས་བྱུང་བའི་དུས་ཆེན་རྣལ་མ་ཞིག་ཏུ་ངེས་སོ། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།