མི་ཚེའི་བརྗེད་དཀའི་ལོ་གསུམ། སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་བརྩམས།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

ཁ་སྒང་སྟག་འབུམ་རྒྱལ་གྱིས་བསྒྱུར།

ཆིག་སྟོང་དགུ་བརྒྱ་གྱ་བཞི་ལོའི་ཟླ་དགུ་བར། ཟི་ལིང་གི་མཁའ་དབྱིངས་སྤྲིན་པས་དྭངས་ཤིང་ནམ་ཟླ་ཡིས་སྟོན་གྱི་བསིལ་བ་རུམ། ང་རང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭའི་དགེ་རྒན་ཞིག་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཆེད་གཉེར་གྱི་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར་ཅིང་། བོད་ཀྱི་གནའ་རབས་རྩོམ་རིག་དང་ནང་བསྟན་གཉིས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ། དེའི་སྔོན་ཟི་ལིང་གྲོང་ཁྱེར་དུ་ཐེངས་གཉིས་ཙམ་ལས་འོངས་མ་མྱོང་བས། ཟི་ལིང་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ང་ལ་མཚོན་ན་ཅུང་རྒྱུས་མེད་ཡིན། སློབ་གྲྭའི་སྒོ་ཐེམ་བརྒྱུད་ནས་ནང་ཁོར་ཡུག་གི་རྩྭ་ལྗང་དང་ལྗོན་ཤིང་རེ་རེ་མིག་གིས་འཚོས་ཤིང་སེམས་ཀྱིས་ཀློག་དུས། ངའི་མི་ཚེ་ཡང་དུས་དེ་ནས་བཟུང་སློབ་ཆེན་འདི་དང་ལས་དབང་གི་འབྲེལ་ཐག་གཅིག་གིས་མཐུད་མགོ་བརྩམས།

སློབ་གྲྭ་འདི་ཟི་ལིང་གྲོང་ཁྱེར་ཤར་ཁུལ་གྱི་གཞུང་ལམ་ཆེན་མོ་ཞིག་གི་འགྲམ་རྒྱུད་དུ་ཆགས་ཤིང་། གནས་འདིར་ཐོན་མ་ཐག་དང་པོར་མིག་ལ་ཐོགས་པ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སློབ་གྲྭའི་སྒོ་ཆེན་དེ་ལགས། གཡས་གཡོན་དུ་ཤེལ་གྱི་བརྩིགས་པ་བྱས་ཏེ་གྲུབ་པའི་གཡུ་འབྲུག་འཁྱུག་ཉལ་གཉིས་དང་། དཀྱིལ་དུ་རྡོ་བརྐོས་སེང་གེ་ཆེན་པོ་གཉིས་འཇིགས་ཉམས་ངང་འགྱིང་ཡོད་ལ། རྒྱ་བོད་ཧོར་གསུམ་གྱིས་བྲིས་པའི་སློབ་གྲྭའི་མཚན་བྱང་བརྗིད་པོ་དེ་འདྲེན་བྱེད་མིག་ལ་གཟི་ཆིལ་ལེར་འོངས། སྒོའི་སྟེང་དུ“སློབ་མ་གསར་བ་བསུ”ཞེས་པའི་རས་བྱང་ཞིག་འཕྲེད་དུ་དཔྱངས་ཡོད་ལ། མི་རིགས་སོ་སོའི་གྱོན་གོས་བཀླུབས་པའི་སློབ་རིམ་མཐོན་པོའི་སློབ་གྲོགས་རྣམས་གང་སར་བགྲོད་བཞིན་པའི་ཚུལ་དེ་མཐོང་འཕྲལ། སློབ་གྲྭ་གཞན་ལ་མེད་པའི་མི་རིགས་སློབ་གྲྭའི་ཁྱད་ཆོས་ཤིག་ངང་གིས་མཐོང་ཐུབ། ཕྱོགས་བཞིའི་ར་བ་སྔོ་ལྗང་གཡུ་ལོ་ཡིས་མཛེས་ཤིང་སློབ་ཁྲིད་ཐོག་ཁང་གནའ་བོའི་བཟོ་རྩལ་གྱིས་ཕྱུག་ལ། ར་སྐོར་ནང་མི་ཚོགས་ཀྱི་འགྲོ་འོང་མོད་ཀྱང་ལྷིང་འཇགས་ཀྱི་སྙིང་བོ་མ་བོར་བར་འདུག་ཅིང་། མཁས་པའི་བར་ངག་འཇམ་ཞི་དུལ་མངའ་ཡང་གཟི་བརྗིད་ཀྱི་དན་རྟགས་མ་ཉམས་པའི་ངོ་མཚར་འདིས་ངའི་རྒྱུད་ལ་བག་ཆགས་ཟབ་གསལ་བགོས།

སློབ་གྲྭའི་སྒོ་ཆེན་ཁར་ཕྱོགས་པའི་སློབ་ཁྲིད་ཐོག་ཁང་དེ་ལ་མི་རིགས་ཀྱི་འཛུགས་སྐྲུན་ཁྱད་ཆོས་ཀུན་ནས་མངའ། སློབ་ཁང་གི་གྱང་ངོས་ཐམས་ཅད་ཅུང་རྙིང་རལ་དུ་གྱུར་འདུག་ནའང་ཁོད་ཡངས་ཤིང་དཀྱེལ་ཆེ་ལ། སློབ་གྲྭའི་སློབ་མ་ཁ་ཚང་གི་སློབ་ཁྲིད་ཕལ་ཆེར་དེའི་གཅིག་པུའི་ནང་དུ་འཚོག་དགོས་པ་འདྲ། ངའི་ཞིབ་འཇུག་སློབ་མའི་སློབ་ཁྲིད་ཁ་ཚང་ཡང་དེའི་ནང་དུ་འཚོགས་པ་སྟེ། སློབ་གླིང་མི་འདྲ་བ་དང་། ལོ་རིམ་མི་འདྲ་བ། ཆེད་ལས་མི་འདྲ་བ། མི་རིགས་མི་འདྲ་བ་དང་འབྲེལ་འདྲིས་བྱེད་ཐུབ་ཅིང་། སློབ་མ་རྣམས་ལོ་གྲངས་གཞོན་ལ་གྲངས་འབོར་ཆེ་བ་དང་། ཆེད་གཉེར་གྱི་བསླབ་བྱ་འདྲ་མིན་སྣ་ཚོགས་ཅི་རིགས་མཆིས་པས་སློབ་ཆེན་ཞིག་གི་མཚན་ཉིད་ཡོངས་སུ་མངོན། སྐབས་དེར་སློབ་མའི་མལ་ཁང་ནུབ་ཀྱི་ཁང་བརྩེགས་གཉིས་པ་སྟེ། དགེ་རྒན་དག་བཞི་ཐོག་དང་སློབ་མ་རྣམས་གཅིག་ཐོག་ནས་གསུམ་ཐོག་བར་མལ་ཁང་དུ་བྱས་ཏེ་ཉལ། དེ་ལྟར་སློབ་གྲྭའི་དངོས་གཞི་སློབ་མ་རྣམས་ཀྱི་མལ་ཁང་གནས་དེ་དག་ལ་བཀོད་སྒྲིག་བྱས་འདུག་ཅིང་། ང་ཚོ་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་རྣམས་ཀྱང་དེ་ལ་བཀོད་སྒྲིག་གང་འཚམ་བྱས་འདུག དེ་ལྟ་ནའང་ང་ཚོ་མི་གཉིས་ལ་ཁང་མིག་གཅིག་རེ་དང་དེར་འབྲེལ་ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་ཡང་དངོས་གཞི་ཚོ་དང་བསྡུར་ན་ཅུང་བཟང་བར་སྣང་། འདི་ལྟར་མི་ལོ་གསུམ་གྱི་རིང་དུ་མལ་ཁང་འདི་ལ་རང་ཁྱིམ་གྱི་དྲོད་ཁོལ་བཟུང་སྟེ། སློབ་གྲོགས་དང་མཉམ་དུ་ཟ་འཐུང་འགྲོ་འདུག་གི་ཁ་ཕྱོགས་གཅིག་ཏུ་གནས་ཤིང་། སློབ་སྦྱོང་ཡར་བསྐྱོད་ཀྱི་འདུན་པ་གཅིག་ཏུ་འཁོར་ལ། མཛའ་བརྩེའི་དཔུང་རྡང་གི་དམ་ཐག་གཅིག་ཏུ་སྦྲེལ་བས་འདི་དག་ནི་ངའི་མི་ཚེའི་ནང་གི་རྒྱུ་ནོར་རྩ་ཆེན་དེ་ཉིད་དུ་ཆགས།

སློབ་ཁྲིད་ཐོག་ཁང་གི་ནུབ་བྱང་གི་མཚམས་སུ་འཁོད་པའི་ཁང་བརྩེགས་དེ་དག་ནི་གཞུང་ལས་ཁང་ཡིན་ལ། གྲངས་ཉུང་མི་རིགས་སྡེ་ཁག་གི་དགེ་རྒན་རྣམས་ཀྱི་གཞུང་ལས་ཁང་ཡང་དེ་ག་རུ་འདུག སློབ་སྦྱོང་ཁྲོད་དཀའ་ཁག་ཆེ་ཆུང་གང་ལ་འཕྲད་ཀྱང་རྒྱུན་པར་དགེ་རྒན་ཚོའི་སྐུ་མདུན་དུ་བཅར་ནས་སློབ་སྟོན་གྱི་བཀའ་དྲིན་ལ་རེ་བ་བཙལ་བས་གནས་དེ་དག་ད་ལྟར་ད་དུང་ཡང་དྲན་འཛིན་གྱི་སྣང་ངོ་རུ་ཡལ་དུ་མེད་པའི་ཕྱིར་དྲན་གྱི་ཆ་ཤས་སུ་གྱུར་འདུག དངོས་པོའི་དཔལ་འབྱོར་ཉག་ཕྲ་བའི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་། ཟ་ཁང་དུ་ཤས་བརྔོས་ཚལ་རིགས་ཉུང་ཉུང་ཙམ་ལས་མེད་ལ། དཀར་ཟས་ཀྱང་དེ་འདྲ་མང་པོར་མི་སྣང་། ཡིན་ནའང་གང་ཡོད་པ་ཐམས་ཅད་ཕོན་ཆེ་ལ་བྲོ་བ་ཞིམ་མངར་ལྡན་པས། ཏག་ཏག་ལོ་ངོ་གསུམ་ལ་ཟས་ཐུན་གཅིག་ཀྱང་མ་ཆད་པར་ལོངས་སྤྱོད་དུ་དྲངས་ཀྱང་སུན་པའི་སྣང་བ་ཞིག་གཏན་ནས་མ་སྐྱེས། དེ་ལྟར་ཟ་ཁང་ནི་ང་རང་རྒྱུན་པར་འགྲོ་འོང་བྱེད་སའི་ཡུལ་གཙོ་བོ་ཞིག་ཏུ་ངེས་ཤིང་། ངའི་མི་ལོ་གསུམ་གྱི་ལང་ཚོའི་གཉོམ་ལག་ཀྱང་དེ་ག་རུ་རྒྱས།

ཉིན་འགའི་སྔོན་ལ་མ་ཡུམ་སློབ་གྲྭར་ལོག་པའི་གོ་སྐབས་ཤིག་བྱུང་། སྔོན་ཆད་རང་ཉིད་ཀྱིས་སློབ་གཉེར་བྱེད་སའི་ཁང་བརྩེགས་དེའི་གཟི་བྱིན་ད་དུང་ཡང་ཟུར་ཙམ་ཡང་མ་ཉམས་པར་ཀྲོང་ངེར་འགྱིང་ཞིང་། སྔར་ལྟར་མཛད་འཕྲིན་མུ་ནས་མུ་རུ་སྐྱོང་བཞིན་བཞུགས་པའི་ཚུལ་དེ་མཐོང་བའི་མོད་ལ་སེམས་ཁོང་དགའ་སྤྲོས་ཁེངས་བྱུང་ལ། ཆབས་ཅིག་རང་ཉིད་སློབ་མའི་དུས་ཀྱི་ཕྱིར་དྲན་རེ་རེའང་བརྙན་ཡོལ་གྱི་རི་མོ་ནང་བཞིན་མིག་མདུན་དུ་རང་དབང་མེད་པར་འཆར་བྱུང་།

སྐབས་དེར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ལ་དགེ་རྒན་གྱི་དཔུང་སྡེ་རྒྱ་ཆེན་པོ་མངའ་བ་ལས། སློབ་དཔོན་ཆེན་མོ་ཤར་གདོང་ཚང་དང་རྡོ་རྒྱལ་སྐུ་ལོ་ཚང་གཉིས་ནི་ངའི་ལས་སྐལ་དུ་ཕོགས་པའི་དགེ་རྒན་གཉིས་ལགས། ངའི་ཞིབ་འཇུག་སློབ་མའི་དཔེ་ཁྲིད་ཁ་ཚང་ཁོང་རྣམ་པ་གཉིས་ཀྱིས་གནངས་པ་སྟེ། ཤར་གདོང་ཚང་ནི་ཕྱི་འདུལ་ཁྲིམས་གཙང་ཞིང་ནང་རྟོགས་པས་ཕྱུག་ལ། བློ་གྲོས་མྱུར་ཞིང་གཏན་ཚིགས་ཞིབ་པ། སྨྲ་བ་ལ་ངག་གསལ་ཞིང་ཁྲིད་པ་ལ་སྐྱེད་ཆེ་བས་པཎ་ཆེན་རིན་པོ་ཆེ་ནས་ཀྱང་ཁོང་ལ“ཕུལ་དུ་བྱུང་ཞིང་འགྲན་པས་ཟླ་དང་བྲལ”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ། ཁོང་ནས་ཀྱང་རྒྱུན་པར་དཀྱུས་མའི་ཚུལ་བཟུང་བ་ལ་ཐུགས་ཆེས་ཆེར་མཉེས་ཕྱིར་འཁོར་ཀུན་འདྲིས་སླ་ཞིང་འགྲོག་བདེ་བ་དང་། ལྷག་བསམ་ཆེ་ལ་གཉོམ་ཆུང་ཚུལ་མཐུན་ངང་བཞུགས་པས་ང་ཆེ་ང་མཐོའི་དྲི་མས་མ་གོས་པ་སོགས། ཐ་ན་རང་གི་ཐོབ་ཐང་ཙམ་ཡང་ཕྱིར་སྒྲོག་པ་ལ་འཛེམས་པའི་བག་དང་ལྡན་པ་མི་ཕལ་བ་རྣམས་དང་ཚུལ་མཐུན་པར་བཞུགས་པར་མོས་པ་ཞིག་གོ ། དེ་ལྟར་རྡོ་རྒྱལ་སྐུ་ལོ་ཚང་ཡང་ཡོན་ཏན་གྱིས་རྒྱུད་ཕྱུག་ཅིང་སྤྱོད་ཚུལ་གྱིས་དྲི་བསུང་འཐུལ་ལ། རྒྱལ་གཅེས་ཆོས་གཅེས་ཀྱི་དད་འདུན་སྙིང་ལ་ཉར་མཁན་གྱི་སློབ་དཔོན་དམ་པ་ཞིག་སྟེ། ནང་རིག་པའི་སྐྱེད་ཚལ་ཁྲོད་ཀྱི་དགེ་བའི་བཤེས་གཉེན་ཞིག་དང་སློབ་གསོ་སྨྲ་བའི་སྡེ་ཡི་སློབ་དཔོན་བཟང་པོ་ཞིག་ཡིན་པར་ངེས། རྒྱུན་པར་སློབ་མ་རྣམས་ལ་རོགས་མཛད་ཅིང་སློབ་སྟོན་གནངས་པས་སློབ་མ་རྣམས་ཀྱིས་ཀྱང་ཁོང་ལ་དགའ་གུས་དད་གསུམ་གྱི་མཆོད་འབུལ་མི་གཏོང་ཞིང་། སློབ་གྲྭའི་དགེ་སློབ་ཀུན་དང་ཕྱི་འོངས་ཉན་མཁན་མང་པོ་ལ་གོ་དཀའ་གཏིང་ཟབ་པའི་བོད་བརྒྱུད་ཚད་མ་རིག་པའི་དཔེ་ཁྲིད་ཀྱི་བཀའ་དྲིན་ལེགས་པར་བསྩལ་བ་དང་། སྐབས་དང་སྐབས་སུ་ཁོང་ལ་གང་དྲིས་པ་ཐམས་ཅད་ལ་ཁོང་ནས་ཀྱང་ཐུགས་སུན་དང་སྐྱོ་ངལ་ཅི་ཡང་མ་མཆིས་པར་ཡིད་ཚིམས་པར་མཛད་པའི་གཞན་ཕན་གྱི་སྤྱོད་བཟང་དེས་དགེ་སློབ་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པའི་དྲན་ཤིང་གི་རི་མོ་རེ་རེ་བཞག

ཆེད་ལས་སློབ་ཁྲིད་ལས་གཞན། ད་དུང་རྒྱ་ཡིག་དང་སྤྱི་སྦྱོང་སློབ་ཁྲིད་ཅིག་ཀྱང་མཆིས། སྐབས་དེར་སློབ་གྲྭས་གྲངས་ཉུང་མི་རིགས་སྡེ་ཁག་ལ་ཀྲུང་གོའི་གནའ་རབས་རྩོམ་རིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། ལོ་རྒྱུས་སྨྲ་བ་པོ་སློབ་དཔོན་ལིས་བིན་ཧྲི་ལགས་ང་ཚོའི་དགེ་རྒན་དུ་མངགས་འདུག སྐུ་ཞབས་ཁོང་རང་གནའ་རབས་རྩོམ་རིག་དང་། བོད་སོག་སྐད་ཡིག་རིག་གནས། ནུབ་བྱང་ས་གནས་ལོ་རྒྱུས། མིན་ལྷོའི་ལོ་རྒྱུས་བཅས་ལ་མཁྱེན་རྒྱའི་གཟིགས་པ་ཡངས་ཤིང་། རྩོལ་མེད་ཐུན་མོང་གིས་གཅིག་ཏུ་ཁས་ལེན་པའི་ཆེད་མཁས་པ་ཞིག་ཏུ་ངེས། གཞན་རྒྱ་ཡིག་གི་མཛེས་རྟོགས་རིག་པ་དང་རྩོམ་རིག་སྤྱི་བཤད་སོགས་ཡོད་ལ། སློབ་ཁྲིད་འདི་དག་གི་སྐབས་ལ་རྒྱའི་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་གྲོགས་ཚོ་དང་མཉམ་ཞུགས་བྱེད་དགོས་པར་མ་ཟད་ཀྱི། རྒྱུགས་ལེན་དུས་ཀྱང་ཁོ་ཚོ་དང་མཉམ་དུ་ཞུགས་དགོས། དགེ་རྒན་ཧྥིན་ཡེ་ཀྲོའུ་ཡིས་མཛེས་རྟོགས་རིག་པ་འཁྲིད་པ་དང་། དགེ་རྒན་ལི་ཅིན་ལུང་གིས་རྩོམ་རིག་སྤྱི་བཤད་འཁྲིད་པ་བཅས། རྒྱའི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་དེ་དག་གི་བསླབ་པའི་གཏིང་ཟབ་ཅིང་བྱ་བའི་རྣམ་འགྱུར་ལེགས་ལ། སློབ་མའི་སློབ་སྦྱོང་གི་ཚུལ་ལ་གཙིགས་ཆེན་དང་སློབ་མ་རྣམས་གཟབ་ནན་ངང་བསྐྱངས་ཕྱིར། རྒྱ་ཡིག་གི་སློབ་ཁྲིད་དེ་དག་གིས་ངའི་མ་འོངས་པའི་བྱ་བ་ལ་རྨང་གཞི་བརྟན་པོར་བཏིང་། མར་ལེ་རིང་ལུགས་ཀྱི་མཚན་ཉིད་ཅེས་པའི་སློབ་ཁྲིད་དེ་གླིང་གཙོ་གཞོན་པ་མཱ་ཅེ་ལགས་ནས་འཁྲིད་གནང་བ་སྟེ། ཁོང་གིས་ང་ཚོ་ལ་གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ་དང་། ཧྥེ་འར་པ་ཧྭ་དང་འཇར་མན་གྱི་གནའ་རབས་མཚན་ཉིད་རིག་པ་སོགས་ཀྱི་སློབ་ཁྲིད་བཀའ་དྲིན་བསྩལ་ཅིང་། གང་འཁྲིད་པ་རྣམས་ཚིག་ངོས་ཀྱི་གོ་བ་ཙམ་མ་ཡིན་པར་མཚན་ཉིད་གང་དེའི་གཞུང་གི་ཟབ་གནད་གཙོར་བྱེད་ཅིང་། ཁྲིད་བྱེད་ངག་ལ་སྙན་ཆ་རྫོགས་ཤིང་འཁྲིད་བྱའི་དོན་ལ་ཟབ་ཆ་མངའ་བའི་ཁྱད་ཆོས་ལྡན། སྐབས་དེར་ངས་དེ་དག་ལ་གོ་བ་དེ་འདྲ་གསལ་བོ་ཞིག་མ་ལོན་ཀྱང་། གང་ལྟར་དེ་དག་གིས་ངའི་མི་ཚེ་གཅིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བྱུང་ལ། དེ་ལས་ཀྱང་ངའི་མི་ཚེ་གཅིག་གི་སློབ་གཉེར་ལ་རྨང་གཞི་ལེགས་པོ་ཞིག་བཏིང་བྱུང་བར་བསྙོན་ཐབས་བྲལ། སློབ་ཁྲིད་དེ་དག་ལས་ང་ལ་བག་ཆགས་ཆེས་བཟང་པོ་ཞིག་ཐེབས་པ་ནི་འཇར་ཡིག་གི་སློབ་ཁྲིད་དེ་ཡིན་པ་སྟེ། སྐབས་དེར་ང་ཚོའི་འཛིན་གྲྭ་ལ་སློབ་གྲོགས་བརྒྱད་ཡོད་ལ། སློབ་གྲོགས་ཨ་ཧྥིན་དང་ཁྲིན་ཝེ་གཉིས་ཀྱི་དབྱིན་ཡིག་ཆུ་ཚད་བཟང་བའི་དབང་གིས་སློབ་གླིང་གཞན་པའི་སློབ་གྲོགས་ཚོ་དང་མཉམ་དུ་དབྱིན་ཡིག་སྦྱོང་དུ་འགྲོ་བ་ལས་གཞན་དྲུག་པོ་དགེ་རྒན་གཱོ་རན་གྱི་རྗེས་སུ་འབྲངས་ནས་འཇར་ཡིག་སྦྱངས། ཁོང་རང་བརྡ་སྤྲོད་ལ་མཁས་ཤིང་གང་འཁྲིད་པ་རྣམས་གོ་རིམ་ལྡན་པ་དང་། གཟའ་རེར་སློབ་ཁྲིད་བཞི་རུ་བགོས་ཏེ་བསྟུད་མར་ལོ་ངོ་གཉིས་ལ་སློབ་ཁྲིད་བསྐྱངས། ངས་བོད་ཡིག་ཤེས་ལ་རྒྱ་ཡིག་ཀྱང་ཤེས་པས། འཇར་ཡིག་གི་སྒྲ་དབྱིན་སྟངས་དེ་བོད་ཡིག་དང་ཐག་ཉེ་བར་སྣང་ཞིང་། ཡིག་གཟུགས་ཀྱི་འབྲི་སྟངས་རྣམས་རྒྱ་ཡིག་དང་ཐག་ཉེ་བར་སྣང་བ་ལ། འཇར་ཡིག་སློབ་པ་ལ་སྤྲོ་བ་མནན་པས་མི་ནོན་པ་ཞིག་སྐྱེས་བྱུང་བའི་རྐྱེན་བྱས་ཏེ། མི་ལོ་གཉིས་ཀྱི་རིང་ལ་འཇར་ཡིག་སྦྱངས་པ་དང་། ང་དང་འཇར་ཡིག་བར་ཐོག་མའི་ལས་འབྲེལ་བཙུགས་བྱུང་ལ།  རྗེས་སུ་ང་རང་འཇར་ཡུལ་དུ་སློབ་སྦྱོང་ལ་འགྲོ་ཐུབ་པའི་རྟེན་འབྲེལ་དེའང་སྐབས་འདི་དག་གི་ཉེར་ལེན་སྔུན་དུ་བཏང་བ་ལས་བྱུང་བ་ཡིན་པ་སྨོས་ཅི་དགོས།

བསླབ་བྱ་སོ་སོ་ལེགས་པོར་སྦྱངས་པ་ལས་གཞན་ང་རང་རྩོམ་རིག་གི་བརྩམས་ཆོས་ཀློག་རྒྱུར་ཡང་ཧ་ཅང་དགའ། 《སྒྲུང་གཏམ་ཟླ་དེབ》ཅེས་པ་ང་འདྲ་སློབ་གྲོགས་པོ་ཞིག་གི་ཇ་ཁ་ཟས་ཁའི་དགའ་ཕྱོགས་སུ་གྱུར། ལོ་རབས་བརྒྱད་ཅུ་བའི་ནང་དུ་ནུབ་ཕྱོགས་ཀྱི་རིག་ཚན་གསར་བ་དང་། འདུ་ཤེས། གྲུབ་མཐའ། ལྟ་བ་སོགས་ཀྱི་རླབས་རྒྱུན་མང་པོ་ཞིག་རང་རྒྱལ་ནས་སྔ་རྗེས་སུ་ཤར་མར་བརྡོལ་ཅིང་། ཆབས་ཅིག་བརྩམས་ཆོས་འདི་དག་ཀྱང་རྒྱལ་ཡོངས་ཀྱི་སློབ་གྲྭ་སོ་སོར་བཀྲམ་ནས་ཀུན་གྱི་དགའ་ཕྱོགས་གསར་བ་རུ་ཆགས། ང་རང་ངོས་ནས་བྱ་དངོས་གསར་བ་ལ་སློབ་སྦྱོང་བྱེད་པར་མོས། དཔེ་ཆ་འདི་དག་བརྒྱུད་ངས་ཧྥོ་ལོ་ཡེ་རྡིའི་ངོ་ཤེས་བྱུང་ལ། ཀྲང་ཞན་ལང་ཀློག་ཐུབ་པར་གྱུར། སྐབས་དེར་རྩོམ་རིག་གི་དཔེ་ཆ་ཕལ་ཆེ་བ་ཞིག་རྒྱ་ཡིག་གིས་བྲིས་པ་ཤ་སྟག་ལགས་པས། བརྩམས་ཆོས་འདི་དག་གིས་ང་ལ་སྔར་མེད་པའི་ཤེས་རྒྱ་གསར་བ་ཞིག་དང་འཇིག་རྟེན་ངོས་འཛིན་གྱི་བློ་ཁོག་རྒྱ་ཆེ་བ་ཞིག་བསྐྱེད་བྱུང་བར་མ་ཟད་ཀྱི། ལྷག་པར་ངའི་རྒྱ་ཡིག་གི་ཆུ་ཚད་མཐོར་འདེགས་ལ་རོགས་འདེགས་ཀྱི་ནུས་པ་མི་ཉུང་བ་ཞིག་ཐོབ།

སློབ་རའི་སློབ་སྦྱོང་གི་ཁོར་ཡུག་ཅི་འདྲའི་ཉམས་དགའ་བ་ལ་ཨང་། ཞོགས་པའི་དུས་ལ་ཁོ་ར་ཁོར་ཡུག་འཇམ་ཅག་གེར་གནས་ཤིང་། ཤར་གཏད་ཀྱི་ལམ་ཐིག་རེ་རེར་འོད་ཟེར་གྱི་ཉག་མ་འཕྱོ་མགོ་རྩོམ། དུས་དེར་སློབ་གྲོགས་ཚོས་ཀྱང་དཔེ་ཀློག་གི་སྒྲ་དབྱངས་ཕྱོགས་བཞིར་སྒྲོག་མགོ་རྩོམ་པ་སྟེ། མེ་ཏོག་ར་བའི་འགྲམ་དང་། ལྗོན་ཤིང་གི་ཚལ། ལྡིང་ཁང་གི་འདབས་སོགས་གང་ས་གང་དུ་ཕར་འགྲོ་ཚུར་འོང་གི་བློར་འཛིན་པའི་ཚུལ་དང་། དཔེ་ཆ་སྤྱི་བོས་བཏེགས་ནས་སྐྱོར་བའི་ཚུལ་སོགས་སློབ་གྲོགས་ཚོ་ཞོགས་པའི་ཉི་འཇམ་དང་དཔེ་ཀློག་གི་བདེ་སྐྱིད་ཁྲོད་ལུས་སེམས་གཉིས་ར་བཟི་བར་གྱུར་འདུག་ལ། ཡང་ལ་ལ་ཞིག་གིས་ཉིན་གྱི་ངལ་བ་བཏང་ནས་མཚན་རིང་འུག་པར་འགྲན་པའི་རྣམ་ཐར་གྱིས་གློག་སྒྲོན་འོག་དཔེ་ཆའི་ཚིག་དོན་གྱི་གསང་གནད་མ་ལུས་ནན་གྱིས་འཚོལ་བའང་རེ་འགའ་མཆིས་པས། གང་ལྟར་ཡང་སློབ་གྲོགས་ཚོ་གཅིག་ལས་གཅིག་ལ་རང་རྟོགས་ཀྱི་འདུ་ཤེས་ཟབ་པ་སྟེ། སློབ་ཁྲིད་དང་ལས་བྱ་ཡི་འགན་ལྕིའི་གནོན་ཤུགས་འོག་དུས་ཚོད་ལ་ཁོམ་ལོང་གི་བག་ཡངས་ཀུན་ནས་དོར་འདུག ང་ཚོར་སློབ་སྦྱོང་ལས་བྱ་བ་གཞན་ཅི་ཡང་མ་མཆིས་ཏེ། ལོ་རེའི་དབྱར་དགུན་གནང་མ་གཏོགས་པའི་དུས་ཚོད་གང་ལའང་ཡུལ་དུ་ལོག་མ་མྱོང་ལ། དོན་མེད་རྣམ་གཡེང་གི་རོལ་རྩེད་དང་བསྟུན་པའི་དུས་ཚོད་ཅིག་དེ་ལས་ཀྱང་ཡོད་མ་མྱོང་བར། བློ་འཁེན་ས་སློབ་སྦྱོང་ཉག་གཅིག་ལ་བཅོལ་བ་ལས་ཕྱི་རོལ་གྱི་འདུ་འཛི་ལ་གཏན་དུ་འཁྲི་མ་མྱོང་། དེ་ལྟར་ང་ཚོས་བློ་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་ཐུབ་པ་དེའང་ཕྱོགས་གཞན་ཞིག་གི་ངོས་ནས་བསམ་ཚེ་མཐར་ཕྱིན་རྗེས་བྱ་བའི་སེམས་ཁུར་དང་དཀའ་ཁག་སོགས་ཅི་ཡང་མེད་པར་རང་འདོད་ངང་གདམ་ཆོག་པའི་རྒྱུ་རྐྱེན་དེས་ཀྱང་ཡིན་པ་འདྲ།

སློབ་ཁང་དང་མལ་ཁང་གཉིས་ཕུད་པའི་ང་རང་ཆེས་འགྲོ་ས་མང་ཤོས་སུ་གྱུར་པ་དེ་དཔེ་མཛོད་ཁང་སྟེ། སྐབས་དེའི་བོད་ཡིག་དཔེ་ཀློག་ཁང་ད་ལྟའི་དཔེ་མཛོད་ཁང་གི་སུམ་ཐོག་ཏུ་མཆིས། དཔེ་ཁང་དུ་བཞུགས་པའི་གསུང་རབ་བསྟན་བཅོས་ཁ་ཚང་སྣ་རིང་མ་ཡིན་པ་ལས་ད་ལྟའི་མགོ་བཙེམ་མ་འདི་འདྲ་མེད་ལ། དེ་ལས་ཀྱང་དེང་རབས་ཀྱི་རིག་གནས་བརྗོད་བྱར་གྱུར་པའི་དཔེ་ཆ་ཕལ་ཆེར་གཅིག་ཀྱང་མེད་པར་སྣང་། དཔེ་མཛོད་ཁང་དུ་འགྲོ་མཁན་ཧ་ཅང་ཉུང་ལ། འགྲོ་མཁན་གྱི་སློབ་མའི་མང་ཉུང་གང་ལྟར་ཡང་དགེ་རྒན་དོ་དམ་པ་ལས་གནས་ཀྱི་སྟེང་དུ་ཉིན་གཅིག་ལའང་མ་ཆད་པར་ཕེབས་འདུག་ཅིང་། དཔེ་ཆ་རྣམས་གྲལ་དག་པོར་བསྒྲིགས་པ་དང་ཅོག་ཙེ་དང་རྐུབ་སྟེགས་དག་གཙང་མར་ཕྱིས་འདུག མིང་ལ་མགོན་པོ་ཞེས་པའི་དཔེ་མཛོད་ཁང་གི་དོ་དམ་པ་ཞིག་ཡོད་ལ། ཁོང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གནའ་རབས་རིག་གནས་ལ་ཧ་ཅང་དགའ་ལ་དེ་དག་ལ་བློས་དད་པ་རྩེ་གཅིག་ཏུ་བསྒོམས། ཁོང་གིས་གསུང་རྒྱུར། དཔེ་མཛོད་ཁང་ནས་དཔེ་ཆ་རྩ་ཆེན་འདི་དག་ཉིན་མཚན་མེད་པར་སྲུང་ཞིང་། ང་དང་འདྲ་བའི་དཔེ་ཀློག་ལ་དགའ་བའི་མི་རབས་མང་པོ་ལ་སྲི་ཞུ་བྱ་རྒྱུ་དེ་ངའི་བྱ་བ་ཙམ་དང་འགན་ཁུར་ཙམ་མ་ཡིན་པར་དད་འདུན་བརྟན་པོ་ཞིག་གི་ཚུལ་དུ་བཟུང་ཡོད་ཅེས་གསུངས། བོད་ཡིག་དཔེ་ཀློག་ཁང་དུ་བོད་ཀྱི་གནའ་རབས་པོ་ཏི་རྩ་ཆེན་མང་དུ་བཞུགས་ལ། དེ་དག་ལས་ཁ་ཤས་ཤིག་རྒྱལ་ཡོངས་ཀྱི་ས་ཆ་གང་དུའང་རྙེད་དུ་མེད་པའི་ནོར་བུ་རིན་པོ་ཆེ་ལྟ་བུར་ཆགས་འདུག དཔེ་ཆ་འདི་དག་ནི་སྐབས་དེའི་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཀྱི་སློབ་མ་སྤྱི་དང་བྱེ་བྲག་ཏུ་ཞིབ་འཇུག་སློབ་མ་རྣམས་ལ་ཧ་ཅང་གལ་ཆེན་པོར་སྣང་། ངས་སྦྱོང་བཞིན་པའི་ཆེད་ལས་ཀྱང་བོད་ཀྱི་གནའ་རབས་རྩོམ་རིག་ཡིན་ལ། ང་ལ་མཚོན་ན་གལ་ཆེན་པོར་སྣང་བས་ང་རང་དཔེ་མཛོད་ཁང་གི་རྒྱུན་མགྲོན་ལྟ་བུར་ཆགས་ཤིང་། རིམ་བཞིན་རྒན་མགོན་པོ་དང་ངེད་གཉིས་ངོ་ཤེས་སུ་གྱུར་ནས་ནམ་ཞིག་ང་ལ་དཔེ་ཆ་ག་གེ་མོའི་དགོས་མཁོ་བྱུང་དུས་ཁོང་ནས་ང་ལ་དཔེ་སྒྲོམ་སྟེང་འབྲེལ་ཡོད་དཔེ་ཆ་དེ་ཡོད་མེད་ཀྱི་གནས་ཚུལ་སོགས་མཁོ་སྤྲོད་དང་བཅས་བཙལ་རོགས་བྱས། དྲང་མོར་བཤད་ན་ང་རང་སྐབས་དེར་དཔེ་མཛོད་ཁང་དུ་འགྲོ་མཁན་ཆེས་མང་པོའི་གྲས་གཅིག་ཏུ་ངེས་ལ། ཡང་ན་ཆེས་མང་བའི་སློབ་བུ་དེ་ཉིད་དུའང་ངེས་སྲིད་པས། ངས་གནས་དེ་ནས་ཤེས་བྱ་མང་པོ་ཞིག་ཤེས་ཐུབ་སོང་ལ། བོད་ཀྱི་རིག་གནས་ནི་ཅི་འདྲའི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་རེད་ཨང་སྙམ་པའི་བློའང་ཐོག་མར་དེ་ནས་བྱུང་། དེ་མིན་ངའི་མཐར་ཕྱིན་དཔྱད་རྩོམ་གྱི་རྒྱུ་ཆ་མང་པོ་ཞིག་ཀྱང་དེ་ནས་བཙལ་བ་ལགས།

མཐར་ཕྱིན་དཔྱད་རྩོམ་གླེང་དུས་དོན་དག་མང་པོ་ཞིག་དྲན་འོངས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་མཐར་ཕྱིན་དཔྱད་རྩོམ་གྱི་ཕྱོགས་ལ་གཟབ་ནན་གྱི་རེ་བ་འདོན་ཅིང་། འབྲི་བ་པོ་སློབ་མ་ལའང་ཡག་ཐོག་ཡག་བརྩེགས་ཀྱི་རེ་བ་ནན་གྱིས་འཛིན། ང་རང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཀྱི་གནའ་རབས་རྩོམ་རིག་དང་ནང་བསྟན་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་པའི་ངོས་ནས། ཆེད་ལས་གཅིག་པའི་སྔོན་གྱི་མཐར་ཕྱིན་སློབ་མའི་ཁྲོད་དུ་རེ་འགའ་མཐར་ཕྱིན་དཔྱད་རྩོམ་བྲིས་པ་མ་ལེགས་པར་མཐར་བསླབ་གནས་མ་ལོན་པའང་འདུག་པས། ང་ལའང་གནོན་ཤུགས་ལྗིད་མོ་ཞིག་ངང་ངམ་ཤུགས་ཀྱིས་བསྩལ་བྱུང་ལ་ནམ་ཞིག་རང་ཉིད་ཀྱང་མཐར་ཕྱིན་དུས་བསླབ་གནས་ལེན་ཐུབ་རྒྱུ་མ་རེད་སྙམ་པའི་སྐྲག་སྣང་ཁོ་ན་སྐྱེས། དེའི་རྐྱེན་གྱིས་ཞིབ་འཇུག་ལོ་རིམ་དང་པོ་ནས་གསུམ་པའི་བར་སློབ་སྦྱོང་ལ་འབད་བརྩོན་བསྐྱེད་པ་ཡིན་ལ། དཔྱད་རྩོམ་ཚད་ལྡན་ཅིག་ཇི་ལྟར་འབྲི་བའི་ཐད་ལ་གྲ་སྒྲིག་གང་ལེགས་བྱས། དཔྱད་རྩོམ་གྱི་སྐོར་ལ་སློབ་གྲྭ་དང་མཛུབ་སྟོན་དགེ་རྒན་སོགས་ཀྱིས་རེ་བ་ནན་ཏན་གྱིས་བཏོན་བྱུང་བས་ངས་ཏག་ཏག་མི་ལོ་གཅིག་རིང་ལ་ཆེད་དུ་བྲིས་པ་ལགས་ཤིང་། དེ་ཡང་ལོ་རབས་བརྒྱད་ཅུ་བའི་ནང་ལ་ཐ་ན་བརྙན་འཕྲིན་ཙམ་ཡང་དཀོན་པའི་དུས་དེར་གློག་ཀླད་སོགས་དེ་ལས་ཀྱང་མེད་པས། རྒྱུ་ཆ་རེ་རེར་གཅིག་ཁུངས་གཅིག་གིས་གཏུགས་བཞིན་ཁ་ཚང་ལག་པས་བྲིས་ཤིང་། དག་བཅོས་དང་ཡང་བཅོས་བསྡོམས་པས་སྔ་ཕྱིར་ཐེངས་དུ་ལ་ལག་པས་བྲིས་ཡོད་པའང་ཟིན་དཀའ། མཐར་རང་ཉིད་ཀྱི་མཐར་ཕྱིན་དཔྱད་རྩོམ་གཞི་ནས་བྲིས་ཚར་ལ་ཡིག་འབྲུ་ཁྲི་ཚོ་དགུ་ལྷག་ཅན་གྱི་དཔྱད་རྩོམ་དེ་ཉིད་གཞི་ནས་གྲུབ། སྐབས་དེར་སློབ་གྲོགས་ཤིག་གིས་ཡིག་འབྲུ་ཁྲི་ཚོ་བཅུའི་ཡན་བྲིས་འདུག་པའང་དྲན། དཔྱད་རྩོམ་ཡར་སྤྲོད་དུས་དཔེ་ཆའི་རྣམ་པས་སྤྲོད་དགོས་པས། ངས་གྲ་སྒྲིག་སློབ་གླིང་གི་བོད་ཡིག་དགེ་རྒན་ཞིག་ལ་སྒོར་ལྔ་བཅུ་ང་ལྔ་བྱིན་ནས་ཚར་གཅིག་དཔར་དུ་བཏབ་ཅིང་། དེའང་པར་དུ་མར་བཏབ་ནས་དགེ་རྒན་སོ་སོ་ལ་སྤྲད་མཐར་དཔྱད་རྩོམ་དམ་བཅའི་བགྲོ་གླེང་གི་འགག་སྒོ་དེ་ནས་བདེ་བླག་ངང་ཐར་ཞིང་དེར་འབྲེལ་བསླབ་གནས་ཀྱང་བཀྲ་ཤིས་པས་ངང་ཐོབ།

མི་རིགས་སློབ་ཆེན་འགྲིམ་དུས་ལ། ལས་དང་སྐལ་བ་བཟང་པོ་ཞིག་གིས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་དངོས་སུ་གཏུགས་ཐུབ་པའི་བསོད་ནམས་སྨིན་པ་དང་། མི་ལོ་གསུམ་ལ་དཀའ་སྤྱད་འབད་བརྩོན་གྱིས་སློབ་གཉེར་མ་བཏང་བའི་མཐར་འབྱུང་འགྱུར་གྱི་མི་ཚེའི་ལམ་བུ་ལ་རྨིང་གཞི་གང་ལེགས་བཏིང་། མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གིས་ཆེ་བ་རྒྱལ་ཁབ་ནས་ཆུང་བ་ཞིང་ཆེན་ཡོངས་ལ་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཛད་རྗེས་ཤིན་ཏུ་ཆེ་སྙམ་ཞིང་། རྒྱལ་ཡོངས་ཀྱི་སློབ་གྲྭ་གཞན་དང་བསྡུར་ཚེའང་སྲོལ་རྒྱུན་གྱི་སྙིང་བོ་མ་བོར་བའི་དྲི་བཟང་ཀུན་ནས་འཐུལ། མི་རིགས་སློབ་ཆེན་གྱིས་ཕྱོགས་གཅིག་ནས་སྲོལ་རྒྱུན་རིག་གནས་ལ་རྩ་ཆེན་པོར་བརྩི་ཞིང་། ཅིག་ཤོས་ནས་དེང་རབས་ཁྱད་འཕགས་སློབ་གསོ་ལ་མཐོང་ཆེན་པོར་བརྩི་བ་སྟེ། གཉིས་ཀ་ཡ་མ་བྲལ་བར་ཟུང་དུ་སྦྲེལ་བའི་ཉེར་འབྲས་ལ་དེར་འབྲེལ་གྱི་རྒྱལ་ཁའི་གྲུབ་འབྲས་ཀྱང་གྱ་ནོམ་པ་བླངས་ཡོད་ལ། དགེ་རྒན་རྣམས་ཀྱི་བྱ་བའི་རྣམ་འགྱུར་དྲང་ཞིང་སློབ་མ་དག་གི་བརྩོན་པའི་ཕུགས་རྩ་རིང་ཕྱིར། ཁོང་ཚོས་ནམ་ཡང“སྤྱོད་ཚུལ་བཟང་བསྒྱུར་དང་འབད་བརྩོན་ལྷོད་མེད”ཅེས་པའི་སློབ་རའི་སྙིང་སྟོབས་ཡལ་བར་མ་དོར་བས་སྔ་ཕྱིར་མཚར་སྡུག་གི་ལོ་ཟླ་རབ་དང་རིམ་པ་ཞིག་བསྐྲུན། ད་ལྟ་ནི་མཚོ་སྔོན་མི་རིགས་སློབ་གླིང་ནས་མཚོ་སྔོན་མི་རིགས་སློབ་ཆེན་ཞེས་པའི་མཚན་གྱི་ངོ་བོ་གསར་དུ་བརྗེས་ཤིང་། འདི་ལྟར་བརྗེས་པ་འདིས་ཀྱང་མ་ཡུམ་སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་དང་སློབ་ཁྲིད་ཀྱི་རྣམ་པ་གཉིས་ལ་སྔ་ན་མ་མཆིས་པའི་སྟེགས་བུ་གསར་བ་ཞིག་བསྐྲུན་ཡོད་པར་གདོན་མི་ཟ་ཡང་། དེ་ལྟ་ནའང་མ་ཡུམ་སློབ་གྲྭའི་ཤར་སྒོའི་འགྲམ་ངོགས་གཉིས་སུ་རྫིག་རྫིག་གིས་འགྱིང་བའི་རྡོའི་སེང་ཆེན་གཉིས་ཀྱིས་སྔར་བཞིན་སྣོད་ལྡན་སློབ་མ་གང་མང་ཞིག་ཕར་སྐྱེལ་དང་ཚུར་བསུ་ལ་གཞོལ་བར་འགྱུར། མ་ཡུམ་སློབ་གྲྭ་ནི་གནས་དེར་གཏན་བཞུགས་བྱེད་སྲིད་ནའང་བུ་སློབ་རྣམས་སྔ་ཕྱིར་འབྲལ་དགོས་པ་ཆོས་ཉིད་ཡིན་པ་ལྟར་ལོ་ངོ་གསུམ་ནི་རླུང་གི་རྒྱུ་བ་ལྟར་ཕར་འདས་ཤུལ་དུ་ངའི་སེམས་ཁོང་དུ་ད་ལྟའང་ད་དུང་གསལ་བོར་སྣང་བ་ནི་མ་ཡུམ་གྱི་ཕང་བ་ནས་རྙེད་པའི་མི་ཚེ་གཅིག་གི་ཕྱིར་དྲན་མང་པོ་དང་བཀའ་དྲིན་མཚོན་འདོད་ཀྱི་སེམས་པ་རྫོགས་མེད་དེའོ། །

མ་ཡུམ་སློབ་གྲྭ་དང་ཁ་བྲལ་ནས་ལོ་མང་འགོར་བའི་དུས་དེ་རིང་། ད་དུང་ཡང་ངའི་སེམས་འགུལ་གྱི་མཚོ་མོ་འཁྱོམ་ཞིང་བཀའ་དྲིན་གྱི་དྲན་ཐག་ལྷོད་དུ་མི་འཇུག་པ་ནི་ཡུལ་གྲུ་འདིའི་བདག་པོ་སྟེ། གྲོང་ཁྱེར་དང་བྲལ་ནས་ཞིང་སྡེ་དང་འབྲོག་ཐང་བརྒལ་ཅིང་། ལ་ལུང་གི་གྲུ་ཟུར་སོ་སོར་གནས་ངེས་མེད་དུ་འཁོད་པའི་མ་ཡུམ་སློབ་གྲྭའི་སློབ་གྲོགས་ཚོ་སྟེ། སློབ་གྲོགས་ཚོས་ཕན་ཚུན་བར་ལ་བཅངས་པའི་བརྩེ་བ་དང་དྲོད་ཁོལ་གྱིས་མ་ཡུམ་སློབ་གྲྭ་ཞེས་པའི་གཡང་ཁྱིམ་ཆེན་པོ་འདིའི་ཕང་བ་ནས་ལོ་ངོ་གསུམ་གྱི་མཛེས་སྡུག་གི་འཚོ་བ་དེ་བརྗེད་མེད་ངང་དྲན་འོངས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་མང་པོ་ཕན་ཚུན་བར་ཕུ་ནུ་ལས་ལྷག་པའི་མཛའ་བརྩེ་དང་ཕྱི་ཐག་གིས་འཚོ་བའི་རྣམ་པ་ཡིས། གཅིག་དུ་ན་འདི་ང་རང་སློབ་གྲྭ་འདིའི་དཔལ་ལ་དབང་མེད་དུ་འདྲེན་བྱེད་ཀྱི་ལྕགས་ཀྱུའི་ཀྱོ་བ་དེ་ཡིན་སྲིད་ལ། ལྷག་པར་དུས་ཀྱི་བགྲོད་པ་དུས་ད་ལྟའི་མཚམས་འདིར་ཡ་ཆུང་སྙིང་ལ་ཡང་ཡང་འཁོར་བའི་བརྩེ་ཐག་དམ་པོ་དེའང་ཡིན་སྲིད། མ་ཡུམ་སློབ་གྲྭ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བདུན་ཅུ་འཁོར་བའི་དུས་དེ་རིང་གི་སྐབས་འདིར། ངས་ལྷག་བསམ་རྣམ་དག་གིས་མ་ཡུམ་ཁྱེད་རང་མཚོ་སྔོན་ནས་རྐང་བཙུགས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ཐུབ་ཅིང་། གྲུབ་འབྲས་ཀྱིས་དུད་ནས་མཚར་སྡུག་གིས་འཁྱུད་པར་ཤོག་ཅེས་སྨོན་ལམ་ལན་ཅིག་འདེབས།

༼མ་ཡིག་གི་ངོ་གདོང་རེ་རེ་ནས་ཇི་བཞིན་བསྒྱུར་མེད་པར་གཙོ་བོར་ཀློག་པ་པོ་ང་རང་གིས་ཇི་ལྟར་གོ་བའི་གོ་བ་ལྟར་བསྒྱུར་ཡོད་པས། འདིས་ཀྱང་རྩོམ་པ་པོ་མཁས་དབང་རྒྱ་ཡེ་བཀྲ་བྷོ་ལགས་དང་ལྷག་པར་མ་ཡུམ་སློབ་གྲྭ་གཉིས་ཀྱིས་སློབ་གསོར་ཕུལ་བའི་མཛད་པ་དག་ལ་བཀའ་དྲིན་མེ་ཏོག་གི་མཆོད་འབུལ་ཙམ་དུ་གུས་བསྒྱུར།༽

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།