མ་ཡུམ་སྒྲ་དབྱངས་ལྷ་མོ།

ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

རྩོམ་པ་པོ། རྡོ་གྲགས།

ངའི་གྲེ་འགྱུར་གྱི་དབྱངས་རྟ་ལ་རོལ་བའི་ལྷ་མོ་ལགས།

ངའི་པིར་སྨྱུག་གི་ལྗགས་རྩེ་ལ་རྩེན་པའི་ལྷ་མོ་ལགས།

མེ་ཏོག་གི་འདབ་ལོ་མཉེན་མོར་སྦྲང་ཚོགས་འཁོར་ཞིང་།  

ཞོ་སྤྲིན་གྱི་རྒྱ་དར་དཀར་པོ་བར་སྣང་ནས་དཔྱང་བྱུང་།   

དེ་དུས་ང་མུ་མེད་པའི་རྩྭ་ཐང་ན་གན་རྐྱལ་དུ་ལོག་ཞིང་།   

གྱེན་ཏུ་བལྟས་བའི་མིག་འོད་རྣོན་པོས།

སྤྲིན་ཚོགས་ཀྱི་རོལ་རྩེད་ཁྲོད་ན་འཕུར་བའི་ལྷ་མོ་ཁྱེད།   

དར་གོས་ཀྱི་འཕྱོར་ལྭ་དང་སྤྲིན་གསར་གྱི་དོ་ཤལ་མནབས་པའི་ལྷ་མོ་ཁྱེད།

སྙན་ངག་གི་བླ་སྲོག་དང་རྒྱུད་མངས་ཀྱི་སྐུད་པ་ཐོགས་པའི་ལྷ་མོ་ཁྱེད། 

ལྷ་མོ་ཁྱེད་དལ་གྱིས་སེམས་ལ་བསུས་ཤིང་།      

བསུས་ནས་ཀྱང་སྙིང་ཁའི་གུར་ཁང་ལ་གཏན་དུ་བཞུགས་པའི་གྲོས་བཤམས།                

ད་ལྟ་མི་ཚོགས་ཀྱི་རྔམས་མཐུག་ནས་མཐུག་ཏུ་སོང་།   

ང་གྲོག་མའི་རྒྱུ་ལམ་དངའདྲ་བའི་ལམ་ཀྱོག་ཞིག་ན །   

ཁེར་རྐྱང་གི་སེམས་པ་ཐན་པས་བཟུང་ཞིང་།    

ཁྱར་ཁྱོར་གྱི་རྐང་རྗེས་རླུང་གིས་བསུབ། 

ཁོར་ཡུག་འདུ་འཛི་ཟབ་མོསབཟུང་ཞིང་།   

མཁའ་དབུགས་རྡུལ་ཕྲན་ཕྲ་མོས་བཅུམ་པས། 

ངའི་ཟུངས་ཁྲག་དམར་པོའི་རྒྱུན་ཐག་ཆད་ཅིང་།   

ཀེང་རུས་དཀར་པོའིབཀྲག་མདངས་ཉམས།    

ལྷ་མོ་ལགས།

ངའི་དུང་སེམས་སྟོང་ཕྲག་གིས་བསྐྲུན་པའི་མཁའ་དབྱིངས་ན།  

ངའི་རེ་སྒུག་ཁྲི་ཕྲག་གིས་བསུས་པའི་ལྷ་མོ་ལགས།

ང་ནི་བསམ་བློ་དང་ཐ་སྙད་ཀྱིས་དབུལ་བའི་སློང་མོ་བ་གཞོན་ནུ་ཞིག་སྟེ།   

ད་ལྟ་ངའི་སྟོང་ཤིག་ཤིག་གི་སེམས་པ་ཁྱོད་ལ་གཏད་ཅིང་།   

གྲང་ཤུར་ཤུར་གྱི་ལག་ཟུང་ཁྱེད་ལ་བསྲིངས་པས།

ང་ལ་སེམས་ཀྱི་གས་ཆག་བསུབས་པའི་འཚོ་བཅུད་རེ་དང་།  

འཚོ་བཅུད་ཀྱི་ཉིང་ཁུས་གྲུབ་པའི་དངོས་གྲུབ་རེ་གནང་རོགས།    

ང་ལ་གསེར་གྱི་ཐ་སྙད་རེ་དང་།

ཐ་སྙད་ཀྱི་ཚིག་སྦྱོར་རེ་གནང་རོགས།        

ང་ས་མཐའི་མུན་ཁམས་འགྲིམས་ནས། 

གྲང་རེག་གི་བུ་ཡུག་འཚུབ་མོས་ཡིད་སེམས་བཅོམ་དུས།  

ང་ལ་མེ་ལྟར་ཚ་བའི་དྲོད་ཁོལ་རེ་གནང་རོགས་དང་།

ང་ལ་བུ་ལྟར་གཅེས་པའི་མ་ཡུམ་སྒྲ་དབྱངས་ལྷ་མོ།          

ད་ལྟ་མི་ཚོགས་ཀྱི་གྲིབ་མ་ནག་པོས་སྙིང་ཁ་བཟུང་ཞིང་།   

ཕྱོགས་མེད་ཀྱི་འུར་སྒྲ་དྲག་པོས་རྣ་བ་གཡབ་དུས།

ང་ལ་རྒྱ་ཁབ་ཀྱི་རྩེ་མོ་ལས་ཕྲ་བའི།

བདེ་སྐྱིད་ཀྱི་ཚོར་བ་ཞིག་གནང་རོགས།        

ལྷ་མོ་ལགས།

ང་ལ་བརྩེ་ཞེན་ཆེ་བའི་མ་ཡུམ་སྒྲ་དབྱངས་ལྷ་མོ།  

ཁྱེད་ཀྱི་དྲན་ཤེས་ཟབ་མོའི་ཆ་ཤས་ཀྱི་ཆ་ཤས་ཙམ་རེ།   

ཁྱེད་ཀྱི་མཛེས་སྡུག་ལང་ཚོའི་ཆ་ཤས་ཀྱི་ཆ་ཤས་ཙམ་རེ།  

ཆ་ཤས་ཀྱི་ཆ་ཤས་ཙམ་རེ་ཅིས་ཀྱང་ང་ལ་གནང་རོགས། 

ང་ལ་བརྩེ་ཞེན་ཆེ་བའི་མ་ཡུམ་སྒྲ་དབྱངས་ལྷ་མོ།     

ཉིན་རེའི་ཐོ་རེངས་ཀྱི་སྐྱེ་རེངས་དཀར་པོ་ལུས་ལ་ཕོག་ཐེངས་རེར།  

དགོང་རེའི་ཨ་སྔོན་གྱི་ཁྲི་གདུགས་གཞོན་ནུ་ནུབ་མཚོར་ལྷུང་ཐེངས་རེར།  

ངས་ནམ་ཡང་མིག་ཟུང་རྒྱང་ལ་ཅེར་ཞིང་།

ལག་ཟུང་མདུན་ལ་བསྲིངས་ནས།

ཁྱེད་ལ་སྒུག་ཡོད།

ངའི་མ་ཡུམ་སྒྲ་དབྱངས་ལྷ་མོ། 

ཞོ་སྤྲིན་ལྟར་གཡོ་ཞིང་།  

རྒྱ་དར་ལྟར་འཇམ་པའི་ལྷ་མོ།  

ངས་གཏན་ནས་གཏན་དུ་ཁྱེད་ལ་སྒུག་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།