རྩོམ་པ་པོ། འབྲོང་།
ད་ལྟའི་བར། ངས་ཁྱོད་རང་གང་དུ་ཡོད་པ་མི་ཤེས་ལ།
ཁྱོད་ཀྱི་བྱད་བཞིན་ཡང་གཏན་ནས་མཐོང་མ་མྱོང་།
ཡིན་ན་ཡང་། ངས་ཁྱོད་ཀྱི་མཚན་མིང་ཁོ་ན་རུམ་ནས།
མི་ལོ་སོ་ལྔར་དཀའ་ཚེགས་ཀྱིས་བསྡད་པ།
ཇི་འདྲའི་བདེ་སྐྱིད་ཅིག་དང་ཇི་འདྲའི་ཡིད་ཆེས་ཤིག
གོ་ཐོས་ལ། ཁྱོད་ནི་ལང་ཚོ་དང་ནུ་བུམ་ལྷང་ངེར།
མ་ཡུམ་གྱི་བྱམས་སེམས་དང་ཤ་དྲོད་ཇི་བཞིན།
ནེམ་ཞིང་འཇམ་པའི་མེ་ཏོག་གིས་སྡོད་ལ།
རྒྱུད་དྲུག་པི་ཝང་གི་རམ་འདེགས་དང་བཅས་པའི།
སེམས་ཁོང་གི་མཛའ་གླུ་སྙན་མོ། དུང་ལྷང་ལྷང་གི་འཛུམ་ཆུང་དྭངས་མོས།
ང་ལ་ལེན་གྱིན་ཡོད་ཟེར།
ཉིན་དང་མཚན་ལ། ངས་རང་ཉིད་ཁེར་རྐྱང་དུ་ཕུད་ནས།
མཁའ་དབྱིངས་དང་ཉི་ཟླའི་བར་དུ་རྣ་བ་བླགས་ཤིང་།
རི་རབ་དང་གཙང་པོའི་ཀློང་དུ་སེམས་པ་བསྲིངས་དུས།
ཁྱོད་ནི་རླུང་རྟ་བཞིན། ཆེས་མཐོ་བའི་རི་རྩེ་ན།
རེ་ལྟོས་ཁྲི་སྟོང་གི་དབྱངས་སྙན་དང་བཅས།
འཇམ་ལྷོད་ལྷོད་དུ། ཡུན་རིང་གིས་ང་ལ་སྐྱོད་ཀྱིན་པ།
ངས་གཞི་ནས་རྟོགས་ཤིང་རྨང་ནས་ཚོར་བྱུང་།
སྐར་འོད་ཁྲི་ཕྲག་གི ལྷིང་འཇགས་ཀྱི་མཚན་མོ་འདིར།
ཁྱོད་ང་ཡི་རུམ་ཁོང་དུ་ནེམ་པ་ནེམ་པོར་ཕེབས་དང་།
ངས་མི་ཡུལ་གྱི་ཆེས་མཛེས་པའི་ཐ་སྙད་ཡོད་ཚད།
མུ་ཏིག་བཞིན། ཤག་ཤག་ཏུ་ཕྲེང་བར་བརྒྱུས་ཏེ།
ཁྱོད་ཀྱི་དོ་ཤལ་དུ། གཟི་འོད་ཀྱིས་སྒྲོན་ཆོག
ཉི་འོད། གཟི་བྱིན་ལྷང་ངེར་ས་ཆེན་སྟེང་འཕྲོ་དུས།
ང་ཚོས་ཡབ་ཡུམ་གྱི་སྒམ་བརླིང་དང་བྱམས་བརྩེ་ཆེན་པོས།
ཞི་བདེ་ཡིད་འོང་གི་ཁྱེའུ་གྲངས་མེད་ཅིག
མེ་ཏོག་ལྟར། མཛེས་སྡུག་གིས་པང་ནས།
མིའི་རིགས་ཀྱི་དག་གཙང་ལ་ཕུད་ཆོག་ཨང་།
ཨ་ཨ། དབྱངས་ཅན་མ། དུས་འདི་ནི།
ང་ཚོའི་དུས་རབས་དང་། ལྷ་དང་སྙན་ངག་པའི་དུས་རབས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།