རྨི་ལམ་ཁྱེར་པའི་ཀོང་ཇོ། འཆི་མེད།

ཡོང་ཁུངས། ཟླ་ཟེར།2022ལོའི་དེབ་བཞི་པ།

མིག་གི་སྒྲིབ་ཡོལ་ཕྱེས་ནས་འཇིག་རྟེན་ལ་ལྟ་བ།།

སྙིང་ཆུང་ལག་པས་བསྐྱོར་ནས་རྒྱང་རིང་ལ་སྒུག་པ།།

རང་སེམས་བཙགས་པའི་ཞུན་མ་ཕྱི་རོལ་ཏུ་བྱོ་བ།།

སེམས་ཀྱི་མདུད་པ་བཀྲོལ་པའི་རོལ་རྩེད་ཀྱི་རྒྱུན་ནོ།།

མི་ཚེའི་བདེ་སྡུག་རྣམ་འགྱུར་རང་ཤུལ་ནས་ལུས་ཏེ།།

ནམ་ཞིག་མིང་ཙམ་བསྐྱུར་པའི་ཀོང་ཇོ་ཡི་ལོ་ཟླ།།

མ་བསམས་བསྐྱུར་ན་སྔོན་མའི་ངག་སྒྲོས་ཙམ་ཡིན་ཡང་།།

མ་བསྐྱུར་རང་སྟེང་བླངས་ན་འགལ་འདུ་ཡི་རྨི་ལམ།།

རྒྱ་བོད་བཙན་པོའི་གཉེན་འབྲེལ་ལོ་རྒྱུས་ཀྱི་ཀ་བ།།

སྲིད་པའི་སྒྲུང་རིང་འདི་ཡི་མགོ་རྔ་ནས་མི་གླེང་།།

ཇོ་མོ་རང་རྩིས་ཤོར་པའི་མཛའ་གཞས་ཀྱི་རྨི་ལམ།།

འདི་ནས་ལན་ཅིག་གྲགས་པ་ཚེ་གཅིག་གི་དྲན་པ།།

ལས་ལ་བསྐོས་པའི་གཉེན་སྲོལ་རི་ཁྲོད་ནས་ཟད་པའི།།

སེམས་ལ་བྲིས་པའི་རི་མོ་རྨི་ལམ་ངོགས་ཡལ་བའི།།

གང་འདོད་སེམས་དང་ལུས་ལ་འགལ་འདུ་ཡིས་བཀང་བའི།།

ཀོང་ཇོ་ཀོང་ཇོ་ཁྱེད་རང་གང་ཞིག་ན་བཞུགས་ཡོད།།

གངས་དཀར་འདབ་མ་གྱེས་པའི་ས་གཞི་ཡི་དཀྱིལ་འཁོར།།

རི་བོ་ནགས་ཤུག་ཟེ་བ་གཡུ་ལོ་ཡི་མཛེས་སྡུག།

ཕྱི་བལྟས་པད་དཀར་ནང་བལྟས་ལྷ་ཆོས་ཀྱི་ཞིང་ཁམས།།

གདོང་དམར་སྲིན་པོའི་དམག་རྟའི་རྐང་འོག་ནས་རྙོག་སོང་།།

མཐོ་དམན་རྒྱལ་ཁམས་གོ་མཚོན་འཐབ་ར་ཡི་བཟང་ངན།།

བཙན་གཉོམ་སོ་སོའི་མངའ་ཐང་དཔའ་རྩལ་གྱིས་སྐྱོང་སྐབས།།

གནའ་མིའི་སྒྲོས་ལ་བཙན་པོའི་དམག་དཔུང་གིས་བསུས་པའི།།

ཨ་ཅེ་རྒྱ་བཟའི་ན་བཟའ་སྲོང་བཙན་གྱིས་བཟོས་འདུག།

གཅོང་རོང་སེམས་ཀྱི་སྣང་བ་དཀན་གཟར་གྱི་ན་བུན།།

ཡར་མར་གར་འགྲོ་མ་ངེས་རླུང་རྗེས་ལ་བསྙེག་དགོས།།

ཆུ་ཟིལ་ཤུགས་ཀྱིས་འདེགས་པའི་འཇག་མ་ཡི་ཚོགས་ལ།།

ཤབ་ཤུབ་སྙིང་གཏམ་བཤད་ཀྱང་སྟོང་གཏམ་ལས་མ་འདས།།

མངའ་ཐང་སྟོབས་ཀྱིས་དར་པའི་རྒྱལ་ཁམས་སུ་འགྲིམས་ཏེ།།

རང་ལུས་བསྲུང་བའི་རེ་འདུན་སུ་ཞིག་ལ་བཅོལ་ཨང་།།

ཡ་ཐེམ་ལྕགས་ཀྱིས་བརྡུངས་པའི་སྒོ་གླེགས་ཀྱི་སྲུབས་ནས།།

ནག་ཆུང་སྦྲང་མ་ཙམ་ཡང་འཕུར་ལམ་ནི་མ་མཆིས།།

སྟོད་ན་སྒྲོ་ཐུལ་སྤུ་ཁ་གྲལ་འགྲིག་གིས་གཤར་པའི།།

ངེས་མེད་བྱ་ཁྱུ་འཕུར་བའི་བསྟར་ཕྲེང་ལ་བལྟས་ན།།

རང་སེམས་འཁྱག་ལ་འབྱར་བའི་དར་དཀར་གྱི་སྒྲོམ་ནས།།

དགུན་ཟླ་སྐྱ་མོ་འདི་ལ་ཡལ་ཐབས་ཤིག་མེད་འདྲ།།

གུས་བརྩེའི་འཛུམ་གྱིས་ཕྱུག་པའི་ཕྱག་འཇུ་ཡི་ཕག་ན།།

ཚེར་མའི་རྩེ་མོ་གཟེང་བའི་རྒྱལ་བློན་གྱི་དཔུང་ཆེན།།

འགོག་མེད་དམག་རྟའི་འཕྲུལ་འཁོར་བུ་ཡུག་བཞིན་འཚུབ་སྟེ།།

བྱེ་འུའི་ཚང་ལ་བླུག་པ་སུ་ཞིག་གིས་བཟློག་ནུས།།

མ་བོས་དེ་ཕོ་འཕུར་ནས་ཕྲག་སྟེང་ལ་བབས་བྱུང་།།

མི་དགོས་འཕྲིན་ཡིག་ལྭ་བའི་གོང་འདབ་ལ་འཕངས་སོང་།།

ས་ལ་ཟགས་ན་རྒྱལ་པོའི་བཀའ་ཆད་ཀྱིས་དོགས་སོང་།།

ལག་ཏུ་བླངས་ན་སྙིང་ཆུང་དངངས་འཚུབ་ཀྱིས་འདར་ཡོང་།།

གོས་དཀར་དྲ་ཕྱེད་རྗེས་ན་ལྷགས་རླུང་གིས་གཡོམ་པ།།

རྐང་ཆུང་གོམ་ཁ་གྱ་གྱུས་རྡོག་ལམ་འདི་མི་ནོན།།

གཡས་གཡོན་ལྗོན་པའི་རྩེ་མོ་ཤིག་ཤིག་གིས་སྐྱོམ་དུས།།

མི་རྟག་སོག་ལེའི་རྣོ་དབལ་མིག་ལམ་ལ་མངོན་ཡོང་།།

ཤེས་དང་མ་ཤེས་བར་གྱི་ལས་དབང་གི་མེ་ཏོག།

དགུན་གྱི་རླུང་ལ་མ་བསྐུར་འབད་འབུངས་ཀྱིས་བསྐྱངས་པ།།

ད་ལོའི་དབྱར་གྱི་ཚ་བས་གློ་བུར་དུ་བསྐམས་ན།།

མཆི་མའི་ཐིགས་པ་འདི་ཡིས་ནམ་ཞིག་ལ་བརླན་ནུས།།

སོ་ཕག་གནམ་ལ་བརྩེགས་པའི་མུ་ཁྱུད་ཀྱི་ར་བ།།

སྒེའུ་ཁུང་ལྕགས་ཀྱིས་བསླས་པའི་ཕོ་བྲང་གི་ནང་རོལ།།

འབྲོ་སའི་ལམ་ཞིག་མེད་པའི་ཁང་ཆུང་གི་ཕུ་ནས།།

ཡ་ཆུང་སྡུག་གིས་བཀང་བའི་སྐྱོ་གཞས་འདི་སུས་ཐོས།།

སྣང་བ་གང་ཤར་རྗེས་སུ་རང་སེམས་འདི་སོང་ན།།

ནམ་ཞིག་མི་ཐེག་ལུས་པོ་རུས་དཀར་གྱི་དྲ་བ།།

ཆུ་འདབས་རྩི་ཏོག་རྩེ་ནས་ངེས་མེད་དུ་མཆོངས་པའི།།

སྲིན་ཆུང་འབབ་སའི་སྟེགས་བུ་སུ་ཞིག་གིས་བཟོས་ཡོད།།

གསེར་སྐུད་བསླས་མའི་སླེ་བོ་ཕྲག་སྟོད་ལ་ཁུར་ཚེ།།

ནང་ལ་སེང་གེ་དཀར་མོའི་ཁྱེ་འུ་ཞིག་བསྙོར་མྱོང་།།

ཁམས་ལ་དེ་འདྲའི་སྣང་བ་ལོ་རྒྱུས་ཀྱིས་མ་བྱིན།།

ད་ནི་རྫུས་མའི་འདུན་གྲོས་ཤ་འོད་ཀྱིས་དེད་འདྲ།།

གངས་ཀྱི་མཛེས་པ་མི་མཐོང་ན་བུན་གྱིས་གཡོགས་འདུག།

དྭངས་བསིལ་ཆུ་བོའི་ནེམ་ཤ་ར་རི་ཡིས་བཀང་སོང་།།

རྒྱ་མཚོའི་གོས་ཅན་ལང་ཚོ་རྡུལ་རླུང་གིས་དཀྲིགས་ན།།

སེམས་པ་གར་སོང་ས་ལ་སྐྱོ་གདུང་ལས་མ་མཆིས།།

ཕྱི་རོལ་སྣང་བ་གཡེར་བག་འཇིག་རྟེན་གྱི་འཚོ་བ།།

མ་ངེས་ལས་ལམ་འཚོལ་བའི་ཀོང་ཇོ་ཡི་ལོ་ཟླ།།

རྟ་ཕོ་གཤོག་ཐོག་ཅིག་གིས་བར་སྣང་ལ་ཁྱེར་ཏེ།།

སོ་ཕག་ར་སྐོར་བརྒལ་བའི་རྨི་ལམ་གྱིས་འཁྲུལ་སོང་།།

རྨི་ལམ་ཡིན་ཡང་ལན་ཅིག་མ་སད་ན་བསམས་ཏེ།།

རྟ་ཕོ་གཤོག་ཐོགས་སྲབ་འཐེན་ཡོབ་རྡུང་གིས་ཤོར་པས།།

ཤེལ་དཀར་ལང་ཚོ་འབར་བའི་ཕོ་བྲང་གི་ཡང་སྟེང་།།

མི་ཕོ་སྲོང་བཙན་སྒུག་པའི་མདུན་ས་ལ་བརྟོལ་བྱུང་།།

གནག་སྣུམ་རལ་བ་གསིག་པའི་གཡུ་རལ་གྱི་འོག་ན།།

སྐར་ཆེན་མིག་ཟུང་འགུལ་བའི་གཟི་ཉམས་ཀྱི་གྲུང་ཤ།

ཕྱིང་རྩག་ཐུ་སྣེ་སྒུལ་བའི་རླུང་འཚུབ་ཀྱི་ནང་ལ།།

དམར་ནག་དཔུང་རྗེན་ལག་པ་ཀོང་ཇོ་ལ་བརྐྱངས་ཡོང་།།

ལུས་ལ་ཕྱིང་དཀར་ལྭ་བ་ཤམ་ཤམ་ཞིག་བསྣར་ཏེ།།

རྐང་ལ་ཀོ་བའི་ཁུག་མ་ནར་ནུར་ཞིག་གྱོན་ཏེ།།

ལག་ལ་རྣོ་ལྕགས་ནག་པོའི་མདུང་རིང་ཞིག་བཟུང་སྟེ།།

སྟོབས་ཀྱིས་རྒྱལ་ཁམས་སྐྱོང་བའི་ཕོ་ཉམས་དེ་ཨ་ཙེ།།

རྒྱང་ནས་བལྟས་ན་འཇིགས་རུང་དམུ་རྒོད་དང་འདྲ་ལེ།།

ཉེ་སར་བཅར་ན་སྐྱེས་ཕོ་ཤ་རྒྱས་དང་མཚུངས་ལེ།།

མི་ཡིན་མི་མིན་མི་ཤེས་ལག་པ་དེར་འཇུ་རྒྱུ།།

ཀོང་ཇོའི་ཡིད་ལ་དངངས་འཚུབ་ཐེ་ཚོམ་གྱིས་བཅངས་སོང་།།

སྣེ་མོ་རིང་དུ་བརྐྱངས་པའི་བལ་དཀར་གྱི་ལྭ་བ།།

དར་དཀར་ལྷོད་ཀྱིས་བསྡམས་པའི་སྐ་རགས་ཀྱི་མདུད་པ།།

སོ་དཀར་གསར་པ་སྟོན་པའི་ཤར་པོ་ཡི་བྲང་རྩིད།།

དངུལ་དཀར་སྲབ་མདའ་བསྐོན་པའི་རྟ་ཕོ་ཡི་རྔོག་འགྲོས།།

འཛུམ་ལ་བལྟས་ན་ཕར་ལ་འབོད་འདོད་ཀྱིས་བསུ་འདྲ།།

རྔམ་ལ་བལྟས་ན་ཁམ་དུ་ཟ་འདོད་ཀྱིས་བསྐུངས་འདྲ།།

ཐེ་ཚོམ་དྲ་བ་མ་ཆོད་ཀོང་ཇོ་ཡི་འདམ་ཀ།

རང་ཡུལ་རྒྱལ་ཁམས་སྐྱོང་བའི་མི་ཕོ་ཚོས་ཅི་ཤེས།།

མདུན་ལ་ཨེན་ཙམ་ཐལ་ན་ལག་པ་ནས་འཇུས་ཡོང་།།

རྒྱབ་ལ་སོར་གང་བཀྱེད་ན་ལས་དབང་འདི་ཉེས་སྲིད།།

མདུན་རྒྱབ་བར་མཚམས་འདི་ནས་མནོ་བསམ་གྱི་སྨུག་ལོང་།།

ཕྱོགས་དང་ཕྱོགས་སུ་འཕྱུར་པས་ལུས་པོ་ཡང་འདར་ཡོང་།།

ཆུ་མོའི་ངོགས་ལ་ཞུགས་ན་ཆུ་རླབས་ཀྱིས་དེད་འགྲོ།།

བྲག་རིའི་རྩེ་ནས་མཆོངས་ན་རྒོད་པོ་ཡིས་ཁུར་འགྲོ།།

ཐང་ཆེན་ལྟེབ་ལ་ཉུལ་ན་འབྲོང་རྒོད་ལ་ཐུག་ཡོང་།།

ད་ནི་བགྲོད་སའི་གནས་ཤིག་གང་ན་ཡང་མ་མཆིས།།

རང་སེམས་གཏའ་མར་བཞག་ན་སུ་ཞིག་གིས་ཤེས་ཡོང་།།

རང་གོས་དཔང་པོར་ཕུལ་ན་སུ་ཞིག་གིས་ཉར་ཡོང་།།

མགོ་བོ་སྨད་དེ་ལུས་པའི་ལྕུག་ཕྲན་གྱི་ཡལ་ག།

གློ་བུར་རྒོད་པོའི་ལག་པས་ལྷོད་ལྷོད་ཀྱིས་ཁྲིད་སོང་།།

བསིལ་རླུང་ཡང་མོས་དྲི་ཞིམ་སྣ་སྒོ་ལ་བསྐྱིལ་ཡོང་།།

ལུས་ཀྱི་ལྗོན་པའི་ལྕུག་ཕྲན་དྲན་ངོགས་ན་ཤིག་ཤིག།

མི་ཡི་ལུས་ལ་ལྷ་ཡི་དར་གོས་ཀྱིས་དཀྲིས་པ།།

གདོང་དམར་སྲོང་བཙན་རེ་ཞིག་ཅི་འདི་རང་མ་བྱུང་།།

རྐང་ཆུང་ཚུར་ལ་བརྐྱངས་ན་བལ་དཀར་ལས་ཡང་བ།།

འཛུམ་སྒེག་ཉམས་ཀྱིས་ཡིད་ཀྱི་བརྟན་པ་ཡང་འཆོལ་བ།།

རང་སེམས་རི་མོ་ཕྱི་རུ་ལེན་ཐབས་ནི་མ་བྱུང་།།

ལྷན་སྐྱེས་སྤོབས་པའི་ལྷུན་པོ་ཡོམ་ཡོམ་དུ་འགུལ་བ།།

མཚོ་མོའི་དར་ལིང་བརྩིགས་འདྲའི་ཕོ་བྲང་གི་བ་གམ།།

བྱ་རྒོད་གཤོག་རུ་བརྒྱངས་འདྲའི་རབ་གསལ་གྱི་བརྗིད་ཉམས།།

འབྲོང་སྙིང་དྲོན་མོ་གསེར་གྱི་སྡེར་མ་ལས་འཕག་གིན།།

མཐའ་ལ་རྒྱུ་མས་དཀྲིས་ཏེ་ཀོང་ཇོ་ལ་ཕུལ་ཡོང་།།

ཤ་ཁྲག་ཕུལ་གྱིས་མཆོད་པའི་གཉེན་སྲོལ་ལ་ཞེད་ནས།།

དཔལ་བགོས་ལྷ་འདོགས་མེད་པའི་རང་སྲོལ་དེ་དྲན་ཡོང་།།

དར་སྲབ་ཞལ་ལ་གཡོགས་པའི་མིག་ཟུར་གྱི་མདའ་མོས།།

ཤ་རློན་མཆེ་བར་འཛིན་བཞིན་བཙན་པོ་ཡང་ཧད་སོང་།།

སྙེ་མ་གཡོ་བའི་ནས་རླབས་རྐང་འོག་ལ་སྡུད་ཀྱིན།།

ཉི་འགོག་རྩྭ་བསླས་ཞྭ་མོ་མེ་ཏོག་གིས་བསྒྲོན་ཏེ།།

བརྩེ་གཞས་དབྱངས་ལ་གྱེར་པའི་སྐྱིད་ཆུ་ཡི་འགྲམ་ནས།།

བཙན་པོ་གཡུང་ལ་བཏུལ་ནས་ཕྱི་རྗེས་ལ་འབྲང་ཡོང་།།

སྤྲིན་པས་མ་བསྒྲིབས་ཟླ་བཞིན་གསར་པ་ཡི་རང་མདངས།།

སྒེག་འཛུམ་དྭངས་ཤ་ཅན་གྱིས་རང་ཤེད་ཅིག་བྱས་ཚེ།།

འབྲོང་རྒོད་རྭ་རྩེར་འཇུས་ན་གན་རྐྱལ་དུ་སྒྱེལ་བའི།།

དཔའ་དང་སྙིང་སྟོབས་ལུ་གུའི་རིལ་མ་ལས་ཆུང་སོང་།།

ཐོར་ཅོག་མདུད་པའི་སྐྲ་གཞུག་གསེར་ཁབ་ཀྱིས་བརྡུངས་པ།།

དར་སྲབ་དྲས་མའི་འདབ་ལྡན་སྐྲ་སྣེ་ལ་བསྣར་པ།།

གཡུ་ཆུང་གཟི་དཀར་སྤེལ་མའི་དོ་ཤལ་ཀྱང་མཚར་བ།།

སིལ་སིལ་ལྭ་བའི་སྐ་རགས་རྐང་རྩེ་ལ་འཁྱུད་པ།།

མ་བཅོས་གཉུག་མའི་བརྩེ་གཞས་རི་རྩེ་ལ་འཁྲིལ་དུས།།

བསང་དུད་འབྲུག་ཆུང་གྱ་གྱུའི་སྤྲིན་གསེབ་ལ་ཡལ་དུས།།

སྐར་ཚོགས་དགུ་ཚིགས་ཕྲེང་བས་འཚེར་འཚེར་གྱིས་གཟིགས་དུས།།

རྐང་སྟབས་མ་འགྱེལ་བརྟན་པའི་དྲན་པ་ཞིག་བསླངས་སོང་།།

ལྗང་བུ་དལ་གྱིས་འབུས་པའི་རྩེ་མོ་ལ་ཅེར་ཏེ།།

ལོ་འདབ་ག་དུས་ཐོགས་པའི་རེ་སྙེག་གིས་བཟོད་དཀའ།།

རྩ་བ་མ་སྐམ་རྩེ་མོ་ཡུན་རིང་དུ་བསྐྱངས་ན།།

ནམ་ཞིག་སྦྲང་ཆར་འབབ་པའི་སྨོན་འདུན་ལ་མཐའ་མེད།།

སོམ་ཉིའི་རྨི་ལམ་ཁྱེར་པའི་ཉིན་ཞག་གི་མཐའ་མ།།

དཀར་ནག་ལས་ཀྱི་གས་སྲུབས་གར་ཡོད་རང་མ་ངེས།།

ཆུ་དཀྱིལ་གྲུ་ཆུང་འཐོར་པའི་ཡལ་ག་ལ་འཇུས་ཏེ།།

རླབས་ཀྱི་བང་རིམ་བརྟོལ་བའི་སྟ་གོན་ལ་མ་དངངས།།

སིལ་འབྲུ་སང་ཉིན་སྨིན་པའི་དེ་རིང་གི་ཉིན་གུང་།།

ཆར་རླུང་དྲག་པོས་རྨེག་མེད་བཅོམ་པ་རང་མ་གནང་།།

སྟོན་མཇུག་ནམ་ཟླས་དྲངས་པའི་རྨས་མ་ཡི་དྲན་པ།།

ཟ་འོག་དར་སྐུད་བསླས་མའི་འཕྱང་འཕྲུལ་ལས་སྙི་བ།།

གདུགས་མཚམས་གྱེས་པའི་སེམས་པ་ཆུ་འཁྱག་ལ་སྦངས་ནས།།

ཨ་ཤེ་དཀར་པོས་ལྕིབས་པའི་ཟོལ་སྦྱོར་གྱི་ངང་ཚུལ།།

དགོས་མེད་སོར་གདུབ་ཉོས་པའི་དོན་མེད་ཀྱི་ལས་ལ།།

འཁྲུལ་བའི་རྨི་ལམ་མ་གཏོང་རང་ཉིད་ཀྱི་འདམ་ག།

རྡོ་ཡི་ལྷན་པ་རྒྱ་ནག་དར་གོས་ལ་གླན་ཏེ།།

ལྕགས་ཀྱི་སིལ་ཀས་འཚེམ་བུ་རྒྱག་པ་རང་ཨེ་ཡོང་།།

ལས་རླུང་འཚུབ་པའི་ཁ་སྟབས་བཟློག་པ་ནི་དཀའ་ཡང་།།

ཕར་ལྟ་ཚུར་བསྟུན་རྐང་ལམ་ཕྲ་མོ་ཞིག་ཨེ་རྙེད།།

ཤིང་གི་ལོ་མ་རླུང་ཁུར་གད་སྐྱིབས་ལ་ལྷུང་དུས།།

ཆར་ཐིགས་བབས་ཀྱང་སྨིན་པའི་གོ་སྐབས་ཤིག་ཨེ་ཡོད།།

དྲན་པའི་སྣང་བ་མྱོས་པའི་སྤྲིན་དཀར་གྱི་གསེབ་ཏུ།།

གཡུ་འབྲུག་འཁྱུག་པའི་རོལ་མོ་ག་དུས་ལ་གྲག་ཡོང་།།

ལྷུང་ལྷུང་ཤག་སྒྲས་བཏུས་པའི་དབྱངས་སྙན་གྱི་འགྱུར་ཁུགས།།

སྟངས་སྟབས་གར་ལ་འགྲོགས་པའི་གུར་ཁྱིམ་གྱི་གཞིས་ལ།།

སེམས་ཀྱི་རྨི་ལམ་ཞིང་ནས་ཧོལ་རྒྱུགས་ཤིག་བྱས་ཏེ།།

དར་འཇམ་མལ་གྱི་པང་ནས་སོས་དལ་ཅིག་བྱུང་ན།།

ལས་མཐའ་གངས་ལ་བཏབ་པའི་སྲིན་པོ་ཡི་བུ་རྒྱུད།།

མནོག་ཆུང་མནོ་བསམ་རབ་རིབ་གྱ་གྱུ་ཡི་རོལ་རྩེད།།

རྟ་རྨིག་ལྕགས་སྒྲོག་ཅན་གྱི་སྲབ་འོག་ནས་ཡལ་ཏེ།།

དྭངས་གསལ་ནམ་མཁའི་ཟླ་བ་ག་དུས་ལ་ཤར་ཡོང་།།

སེམས་ཀྱི་གཏམ་འདི་གླེང་སའི་སྙིང་ཐུབ་ཅིག་མ་མཆིས།།

མདའ་མོ་ལྟོང་ལས་ཤོར་པའི་ལུས་པོ་འདི་ཉམ་ཆུང་།།

ཕ་རོལ་དམུ་རྒོད་བཙན་པོའི་ལག་འོག་འདི་སྐྱི་གཡའ།།

མགོ་རུས་གར་འཐོར་མི་ངེས་རང་ཉིད་ཀྱང་འཁྲུགས་བྱུང་།།

ཆུ་མོ་སྔོན་མོའི་རླབས་རིས་སེམས་ངོགས་སུ་ལྷུང་སྟེ།།

ལུས་ཀྱི་འཁྲི་ཤིང་གཡོ་བའི་བརྟུལ་ཞུགས་ཀྱིས་ཞེད་དེ།།

ཁ་སྦྱོར་ཉི་ཟླའི་གདན་གྱི་སྲུང་མ་དེ་དྲན་ཏེ།།

དར་ཅིག་ཧད་པའི་མཐའ་ལ་ཆོད་སེམས་ཤིག་རྙེད་བྱུང་།།

མཚར་སྡུག་མེ་ཏོག་པདྨའི་དཀྱིལ་འཁོར་ལས་འཕུར་བའི།།

ཡིད་འོང་མིག་གི་བུང་བ་གང་མདུན་དུ་འཕུར་ཏེ།།

ས་སྲོད་མལ་ལ་གནས་པའི་ཁུ་སིམ་གྱི་མཚན་མོར།།

འགྲོ་འདོད་ཡིད་ཁམས་འཕྱུར་བའི་དབའ་ཀློང་ལ་མཐའ་མེད།།

མ་ཁོག་རྐང་འགྲོས་ཙི་ནའི་ཞིང་ཁམས་སུ་བསྐྱོད་དུས།།

ཁ་བ་ཅན་གྱི་རྟ་དམག་ཁྲི་ཕྲག་གིས་བསྐོར་ཏེ།།

ཁྱོ་བྲལ་ཡིད་ཀྱི་གདུང་བ་མཚོན་རྩེ་ནས་མངོན་ཚེ།།

ངུ་སྐད་ཤུགས་ཀྱིས་བོས་པས་རང་མལ་ལས་སད་དོ།།

ཕྱི་མཐའ་བྲག་གིས་བསྐོར་པའི་གཅོང་རོང་གི་མཐིལ་ན།།

ལྷ་སྐུ་བྲག་ལ་རྐོ་བའི་འབིས་ཁོག་གི་ཕུ་ན།།

ལོ་གསུམ་ལམ་བར་ལུས་པའི་ཐང་སྟོང་གི་སྡུག་བསྔལ།།

རང་ལུས་གཟེབ་ལ་ཚུད་པའི་བྱེའུ་ཆུང་གི་ལས་དབང་།།

ཆུ་སྒྲ་ཤག་ཤག་འཕྱོ་བའི་རླབས་ཕྲེང་གི་ངོགས་ནས།།

རྨི་ལམ་འཁྲུགས་པའི་ཀོང་ཇོ་གློ་རྡེག་གིས་ལངས་ཏེ།།

ཕོ་ཆས་གྱོན་ཏེ་འབྲོ་འདོད་བྲེལ་ཚུབ་ཀྱིས་ལང་སྐབས།།

མཐའ་འཁོར་མ་གཉིད་ལངས་པ་ཐོ་ཡོར་བཞིན་འགྱིང་འདུག།

རབ་དམར་མེ་ལྕེ་འབར་བའི་རྣོ་ལྕགས་ཀྱི་ཐ་རམ།།

མལ་གྱི་སྟན་ལ་བཏིང་འདྲའི་གནས་ལམ་གྱི་སུན་གདུང་།།

ཀོང་ཇོས་མཆི་མར་བསྙལ་པའི་ལོ་ཟླ་ཡི་དཀར་ནག།

རྗེས་རབས་རྒྱ་བོད་ཕོ་མོ་སུ་ཞིག་གིས་མྱངས་ཡོད།།

ཁུ་སིམ་སྣང་བས་ཟོས་པའི་དབེན་འཇགས་ཀྱི་མཚན་མོ།།

འགལ་འདུའི་གཡང་ལས་མ་ཐར་རྨི་ལམ་གྱི་ཀོང་ཇོ།།

ལས་དབང་ཡགས་ཉེས་མི་ཤེས་མི་ཚེ་ཡི་བདེ་སྡུག།

ལོ་ངོ་ཆིག་སྟོང་འགོར་ཡང་ཅི་ཡིན་ནི་མི་གསལ།།

སྨུག་སྐྱས་སྒེའུ་ཁུང་སྒྲིབ་པའི་ལན་ཇུ་ཡི་གྲོང་ཁྱེར།།

ཁང་ཆུང་གྲུ་བཞིའི་མལ་ནས་ངག་རིག་གི་རོལ་དབྱངས།།

དབྱངས་གསལ་སོ་བཞིའི་རྒྱུན་གྱིས་རྒྱལ་ཁམས་ལ་དཀྲོལ་དུས།།

དབང་མེད་དྲན་པའི་མིག་ཆུ་རྡོག་གཅིག་ཀྱང་ལྷུང་སོང་།།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།