བོད་ལྗོངས་ཀྱི་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཡུལ་དངོས་རྟོག་ཞིབ་དུས་རིམ་སླེབས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཚོད་ལྟ་སྤྱི་སྡོམ་དང་ཡུལ་དངོས་རྟོག་ཞིབ་མགོ་རྩོམ་ཚོགས་འདུ་ལས་རྒྱུས་ལོན་ལྟར་ན། ན་ནིང་གི་ཟླ10པ་ལ་བོད་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་འབྲེལ་ཡོད་ལས་དོན་སྤེལ་བ་ནས་བཟུང་། མིག་སྔར་གྲ་སྒྲིག་དང་ཚོད་ལྟའི་ས་གནས་རིམ་པའི་འགན་ཁུར་སོ་སོ་ལེགས་འགྲུབ་ཟིན་ནས་དངོས་སུ་གནད་འགག་གི་ལོ་གཅིག་གི་ཡུལ་དངོས་རྟོག་ཞིབ་དུས་རིམ་སླེབས་པ་རེད།

གསར་འགོད་པས་རྒྱུས་ལོན་ལྟར་ན། ད་ལོའི་ཟླ4བའི་ཚེས11ནས་བོད་ལྗོངས་ཀྱིས་ཡོངས་བཤེར་ཚོད་ལྟའི་གནས་ལས་དོན་མགོ་བརྩམས་པ་དང་། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་མཉམ་འབྲེལ་བྱས། ཟླ5བའི་ཚེས10བར་དུ་མལ་གྲོ་གུང་དཀར་རྫོང་གི་ཡོངས་བཤེར་ཚོད་ལྟའི་གནས་ལས་དོན་གཞི་རྩ་ནས་ཡུལ་དངོས་རྟོག་ཞིབ་ཚར་བ་དང་། བསྡོམས་པས་སྤོ་སྒུལ་མི་ཆོག་པའི་རིག་དངོས་ས་ཚིགས173ལ་རྟོག་ཞིབ་དང་ཐོ་འགོད་བྱས། དེ་ནང་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་བསྐྱར་ཞིབ་རིག་དངོས་ས་ཚིགས127ཡོད། 2012ལོའི་ཚུན་རྙེད་པའི་རིག་དངོས་ས་ཚིགས25རྟོག་ཞིབ་བྱས། ཐེངས་འདིའི་རྟོག་ཞིབ་ཁྲོད་རིག་དངོས་ས་ཚིགས21གསར་དར་རྙེད་པ་རེད། རིག་དངོས་རིགས་ལྟར་ན་སྤོ་སྒུལ་བྱས་མི་ཆོག་པའི་ས་ཚིགས173ནང་གནའ་བོའི་ཤུལ་བཞག་གནས་རིགས45། གནའ་བོའི་དུར་ཁྲོད35། གནའ་བོའི་བཟོ་བཀོད57། དེང་རབས་དང་ཉེ་བའི་ལོ་རྒྱུས་ཤུལ་བཞག་གཙོ་བོ་དང་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད1། བྲག་ཕུག་དགོན་དང་རྡོ་རྐོས25། གཞན་རིགས10བཅས་འདུས་ཡོད།

རྒྱུས་ལོན་ལྟར་ན། མལ་གྲོ་གུང་དཀར་རྫོང་ཚོད་ལྟའི་གནས་ཁྱབ་ཁོངས་ཤང7དང་གྲོང་རྡལ1དང་འབྲེལ་བས། ཡོངས་བཤེར་རུ་ཁག་གིས་ཚན་ཆུང་གསུམ་བགོས་ནས་མལ་གྲོ་གུང་དཀར་རྫོང་གི་སྤོ་སྒུལ་མི་ཆོག་པའི་རིག་དངོས་ལ་ཡོངས་བཤེར་བྱས་ཤིང་དེ་ནང་ཞུགས་མཁན་མི་བརྒྱ་ལྷག་ཡོད། ཐེངས་འདིར་གསར་དུ་རྙེད་པའི་རིག་དངོས་ས་ཚིགས21ལ་ཡོངས་བཤེར་ཐོ་འགོད་རེའུ་མིག་བཞིན་གནས་ཚུལ་བསྡུ་ལེན་དང་རེའུ་མིག་བསྐངས། རྗེས་སུ་ལག་རྩལ་མཛུབ་སྟོན་རྩ་འཛུགས་ཀྱིས་གསར་དུ་རྙེད་པའི་རིག་དངོས་ས་ཚིགས21གཏན་ཁེལ་བྱས་ནས། རིག་དངོས་གཏན་ཁེལ་དང་མཐུན་པའི་ཚད་གཞིའི་ཡོངས་བཤེར་བྱ་ཡུལ་ཁྲིམས་ལྟར་སྤོ་སྒུལ་མི་ཆོག་པའི་རིག་དངོས་སུ་གཏན་ཁེལ་བྱས་ནས་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་ནང་འཇོག་རྒྱུ་ཡིན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཡོངས་བཤེར་མཇུག་འབྲས་བཞིན་གསར་དུ་རྙེད་པའི་ས་ཚིགས་རིམ་པ་སོ་སོའི་རིག་དངོས་སྡེ་ཚན་དུ་ཁྱབ་བསྒྲགས་བྱེད་དགོས།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་ངམ་བོད་རང་སྐྱོང་ལྗོངས་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཆོས་སྒྲོན་གྱིས་ངོ་སྤྲོད་ལྟར་ན། མིག་སྔར། བོད་རང་སྐྱོང་ལྗོངས་གཞི་གྲངས་ཅུའུ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་དོ་དམ་སྟེགས་བུ་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཐེངས་བཞི་བའི་རིག་དངོས་ཡོང་བཤེར་གཞུང་ལས་ཁང་གིས་རྒྱང་རིང་བཀོད་འདོམས་བྱེད་བཞིན་ཡོད། རྗེས་མར་བྱེ་བྲག་གིས་མཉམ་སྒྲིག་ཚོད་ལྟ་བྱས་ནས་སྔར་ལས་ལྷག་པའི་ངང་གཞི་གྲངས་ཞིབ་བཤེར་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་འགྲིག་པ་དང་གནས་ཚུལ་བདེ་འཇགས་འགན་ལེན་བྱེད་དགོས། ཡོངས་བཤེར་ཚད་གཞི་ཐད་ཞིབ་བཤེར་རུ་ཁག་གིས་བོད་ལྗོངས་དངོས་དང་མཐུན་པའི་ཐེངས་བཞི་བའི་རིག་དངོས་ཡོངས་བཤེར་ཚད་གཞི་བཟོ་བཞིན་ཡོད་པ་དང་། ལག་རྩལ་མཛུབ་སྟོན་ཚན་ཆུང་གིས་ཞིབ་བཤེར་བྱས་རྗེས་བོད་ལྗོངས་ཡོངས་སུ་ཡུལ་དངོས་རྟོག་གཞི་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ། མིག་སྔར། ཡོངས་བཤེར་རུ་ཁག་ཁང་བ་ནང་གི་རྒྱུ་ཆ་ལེགས་སྒྲིག་རིམ་པ་ཐོན་ནས་གནས127ཡོངས་བཤེར་ཐེངས་གསུམ་པའི་གཞི་གྲངས་ཐོ་འགོད་ལས་དོན་ལེགས་འགྲུབ་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།