ནུས་རྩལ་གསོ་སྦྱོང་གྲོང་ཚོ་ནང་དུ་སྐྱེལ་ནས་ལས་ཞུགས་འབབ་འཕར་གྱི་ལམ་བུ་རྒྱ་བསྐྱེད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསོ་སྦྱོང་ནང་ཞུགས་པའི་བུད་མེད་ཚོ།

གསོ་སྦྱོང་ནང་ཞུགས་པའི་བུད་མེད་ཚོ།

དགེ་རྒན་གྱིས་གསོ་སྦྱོང་ནང་ཞུགས་པའི་བུད་མེད་ཚོར་བསླས་འཐག་སྐོར་ཁྲིད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མུ་སྤྱི་ཅུའུ་ཡིས་བོད་ལྗོངས་རུང་ཙུ་ཐན་ཞང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་དང་རྩ་ཞོལ་ཤང་མི་ལོག་གྲོང་ཚོ་རུ་བསྐྱོད་ནས་དུས་ཡུན་ཉིན60རིང་གི་བུད་མེད་ཚོའི་བལ་སྐུད་བསླས་འཐག་སྐོར་གྱི་ནུས་རྩལ་གསོ་སྦྱོང་སྤེལ་བས། གྲོང་ཚོའི་བུད་མེད30ལྷག་གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་ནང་བསླས་འཐག་གི་རིག་གནས་རྒྱབ་ལྗོངས་དང་ཐབས་ལམ། མཉམ་འཇོག་དགོས་ས་གཙོ་བོ་བྱས་ནས་གོ་རིམ་ལྡན་པའི་ངང་མགོ་བརྩམས་པ་དང་། དགེ་རྒན་གྱིས་རགས་པ་ནས་ཟབ་པོར་འགྲོ་བ་དང་སྔོན་སླ་རྗེས་དཀའ་ཡི་སློབ་ཁྲིད་བྱེད་སྟངས་ལ་སློབ་མ་ཚོའི་དགའ་བསུ་ཐོབ། གསོ་སྦྱོང་ཡུལ་དངོས་སུ་བུད་མེད་ཚོའི་སློབ་སྦྱོང་འདུན་པ་གཏིང་ཟབ་ཅིང་ཧུར་ཐག་གིས་ཕན་ཚུན་བརྗེ་རེས་བྱེད་པས་རྣམ་པ་བཟང་། “ང་རང་བལ་སྐུད་བསླས་འཐག་ལ་སྤྲོ་བ་ཆེན་པོ་ཡོད་ཀྱང་། ཆེད་ལས་ཀྱི་སློབ་གསོ་བྱེད་པའི་གོ་སྐབས་གཏན་ནས་མ་བྱུང་། ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་རང་གིས་དངོས་གནས་ནུས་རྩལ་ཞིག་སློབ་པས་གྲུབ་འབྲས་བླངས་པའི་ཚོར་བ་ཞིག་ཡོད”ཅེས་གསོ་སྦྱོང་ནང་ཞུགས་པའི་པད་མས་དེ་ལྟར་བཤད།

“ང་ཚོས་གྲོང་ཚོ་རུ་གསོ་སྦྱོང་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་བུད་མེད་ཚོའི་ལས་ཞུགས་ནུས་རྩལ་མཐོ་རུ་བཏང་ནས། ཁོ་ཚོའི་ལས་ཞུགས་ལས་གཏོད་བགྲོད་ལམ་རྒྱ་བསྐྱེད་དེ་འབབ་འཕར་ཕྱུག་འགྱུར་གཏོང་ཆེད་ཡིན”ཞེས་མལ་གྲོ་གུང་དཀར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བཤད། ཁྱིམ་དུ་བུ་བུ་མོ་ལྔ་ཡོད་པ་དང་ད་ལོར་ལོ38ཡིན་པའི་གསོ་སྦྱོང་ནང་ཞུགས་མཁན་བུད་མེད་ཆོས་སྒྲོན་གྱིས“གསོ་སྦྱོང་བྱ་འགུལ་ཤིན་ཏུ་ལེགས་པ་དང་། དེས་ང་ཚོ་བུད་མེད་ཚོར་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་གནང་བ་མ་ཟད། ང་ཚོ་གྲོང་ཚོའི་བུད་མེད་ཚོར་མཚོན་ན། ཕྱིན་སོང་ནས་ཞོར་ལས་ལས་ཁོམ་མེད་པས་བལ་སྐུད་བསླས་འཐག་གིས་ནུས་ལྡན་གྱི་ཁྱིམ་སྡོད་འབབ་འཕར་བགྲོད་ལམ་གསར་བ་ཞིག་བསྐྲུན་པ་རེད། ཏང་དང་སྲིད་གཞུང་གིས་ང་ཚོར་བསླས་འཐག་ནུས་རྩལ་གསོ་སྦྱོང་གོ་སྐབས་གནང་བར་བཀའ་དྲིན་ཞུ་འདོད་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།