«འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་དེབ་ཕྲེང་བཞི་བ་པར་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

ཉེ་ཆར། རྒྱལ་ཁབ་མི་རིགས་ཡིག་རིགས་དཔེ་སྐྲུན་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་དང་མི་རིགས་ཡིག་རིགས་དཔེ་སྐྲུན་མ་དངུལ་རོགས་སྐྱོར་རྣམ་གྲངས«འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས»ཞེས་པའི་དེབ་ཕྲེང་བཞི་བ(བསྡོམས་པས་དེབ25)དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས། རྣམ་གྲངས་དེ་ནི་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་འབྲུག་ཆུ་རྫོང་གིས་ཚོགས་པ་རྩ་འཛུགས་དང་འཚོལ་བསྡུ་དག་སྒྲིག ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་ཇུས་འགོད་དཔེ་སྐྲུན་བྱས་པའི་བོད་ཡིག་གནའ་དཔེའི་དཔེ་སྐྲུན་ལས་གཞི་ཞིག་རེད། མིག་སྔར། དཔེ་ཚོགས་འདིར་ཁྱོན་བསྡོམས་དེབ་ཕྲེང་བཞི་སྟེ་དེབ་བརྒྱ་ཐམ་པ་པར་སྐྲུན་བྱས་ཡོད།

དེབ་ཕྲེང་བཞི་བའི་ནང་དུ་ཁྱོན་བསྡོམས་བམ་པོ386བསྡུས་ཡོད་པ་དང་། གཙོ་བོ་ནི་སྲིད་པ་བོན་གྱི་དཔེ་རྙིང་ཡིན། དེའི་ནང་དོན་ཐོག་ནས་མཚོ་བོད་ས་མཐོའི་སྔ་དུས་ཀྱི་བོད་ཀྱི་ལོ་རྒྱུས་དང་ཤེས་རིག  སྤྱི་ཚོགས་འཚོ་བ། གནམ་རིག་ས་ཁམས། སྨན་བཅོས་ཚན་རྩལ་བཅས་མཚོན་པ་དང་། གནའ་དཔེ་དེ་དག་ཏུ་བོད་ཀྱི་མེས་པོ་གོང་མ་དག་གི་གནའ་བོའི་ཤེས་རིག་ཉར་ཚགས་བྱས་ཡོད་པས་ལོ་རྒྱུས་དཔྱད་གཞིའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ཡོད། དེབ་ཧྲིལ་བོ་ཚོན་ཁྲ་ཅན་གྱི་པར་འདེབས་ཀྱི་རྣམ་པའི་ཐོག་ནས་འབྲུག་ཆུའི་བོན་ཆོས་དཔེ་རྙིང་ལོ་རྒྱུས་ཡུན་རིང་དང་གནའ་བོའི་མཛེས་སྡུག་ལྡན་པའི་གདོད་མའི་རྣམ་པ་དངོས་སུ་བསྐྱར་དུ་མངོན་ཡོད། དཔེ་རྙིང་དེ་དག་ཚང་མ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཉར་ཚགས་བྱས་ཡོད་པས་ཁྱིམ་རྒྱུད་ནས་རྒྱུན་འཛིན་གྱི་ཁྱད་ཆོས་ལྡན་ཕྱིར་ཉར་ཚགས་ཁྱིམ་ཚང་ཚན་པར་བཟུང་ནས་དག་སྒྲིག་དང་ཕྱོགས་བསྒྲིགས་བྱས། དཔེ་རྙིང་དེ་དག་མང་ཆེ་ཤོས་སུ་གནའ་བོའི་བོད་ཡིག་གི་སྐུང་ཡིག་དང་བོད་ཡིག་བཀས་བཅད་མ་བྱས་གོང་གི་ཐ་སྙད་མང་པོ་ཡོད་ཅིང་། དཀར་ཆག་སྒྲིག་སྐབས་ཚང་མ་ཇི་མ་ཇི་བཞིན་དུ་སོར་འཇོག་བྱས་ནས་དཔེ་རྙིང་གི་རྣམ་པ་མངོན་ཏེ་དཔེ་རྙིང་ཆ་ཚང་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱས་ཡོད།

དཔེ་ཚོགས་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་བློ་གསལ་གྱིས་བཤད་པར། ཚོགས་པས་ལོ་བཅུ་ལྷག་ལ་བརྟག་དཔྱད་དང་འཚོལ་སྡུད་དག་སྒྲིག་བྱས་པ་བརྒྱུད། སྔ་རྗེས་སུ་འབྲུག་ཆུ་རྫོང་ཧན་པན་དང་ཕིང་ཏིན། ཧྥེང་ཏེ། ཆུ་འགོ་ན། སྤོ་ཡུལ། གོང་སྨད། སྦྲ་ལུང་སོགས་ཤང་དང་གྲོང་རྡལ་བཅུའི་བོད་རིགས་གྲོང་ཚོ18ཀྱི་གྲོང་ཁྱིམ33ནས་དམངས་ཁྲོད་དུ་འཐོར་ཁྱབ་བྱུང་བའི་བོན་གྱི་དཔེ་རྙིང་བསྡོམས་པས་གླེགས་བམ230ལྷག་དང་། དེབ་ཚན2900ལྷག ལྡེབ་མ46500ལྷག་རྙེད་པ་རེད། དམངས་ཁྲོད་དུ་ཉར་ཚགས་བྱས་པའི་དཔེ་རྙིང་མང་ཆེ་བ་ཁྱིམ་ཉར་གྱི་རྣམ་པའི་ཐོག་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། འཇོག་ཡུན་རིང་བ་དང་ཉར་ཚགས་ཆ་རྐྱེན་ཞན་པ། བདག་ཉར་ཡག་པོ་མེད་པ་སོགས་ཀྱི་དབང་གིས་དཔེ་རྙིང་ཁག་ཅིག་རྙིང་ཧྲུལ་རུལ་བསླད་དང་། འབུ་ཟུག་པའམ་ཡང་ན་ཧྲུག་ཧྲུག་ཏུ་གྱུར་ཡོད། དཔེ་རྙིང་ཁག་ཅིག་བརླན་པར་གྱུར་ནས་ཡིག་གཟུགས་མག་མོག་ཏུ་གྱུར་ཏེ་ནང་དོན་བཀླག་དཀའ་བ། ཡང་དཔེ་རྙིང་ཁག་ཅིག་མཉམ་དུ་འབྱར་ནས་ཁ་ཕྱེ་ཐབས་བྲལ་བ་རེད། ང་ཚོས་དཔེ་རྙིང་དག་སྒྲིག་དང་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཚོགས་པའི་མི་སྣས་དུས་ཚོད་དང་ནུས་ཤུགས་མང་པོ་བཏང་ནས་ཞིབ་འབྱེད་དང་། རིགས་དབྱེ། དཀར་ཆག་སྒྲིག་སྐབས་རིག་པ་ཞིབ་ཕྲ་བཏོན་མོད། འོན་ཀྱང་ཉར་ཚགས་བྱས་པའི་དཔེ་རྙིང་གི་ལོ་རབས་བརྒལ་ཚད་ཆེ་བ་དང་། དཔེ་རྙིང་གི་གླེགས་བམ་དང་ལེའུ་ཚན། ཤོག་ལྡེབས་གྲངས་ཀ་བཅས་འཁྲུག་རྙོག་ཡིན་པ། ཤོག་གྲངས་ཀྱི་རྟགས་ཆད་ཅིང་ཉོག་པ། ཤོག་ལྡེབ་འཁྲུག་པའི་སྣང་ཚུལ་ཅུང་ཡོངས་ཁྱབ་ཡིན་པས། གླེགས་བམ་དང་མཚན་བྱང་། ལེའུ་ཚན་གྱི་ཤོག་གྲངས་ངོས་འཛིན་བྱེད་དཀའ་བས། དག་སྒྲིག་དང་རྩོམ་སྒྲིག་གི་ལས་ཀར་དཀའ་ལས་མང་པོར་འཕྲད། དཔེ་རྙིང་དག་སྒྲིག་དང་རྩོམ་སྒྲིག་བྱེད་པའི་ཁྲོད་ཀྱི་ནོར་འཁྲུལ་ཆུང་དུ་གཏོང་ཆེད། གྲོང་མིའི་ཁྱིམ་དུ་ཐེངས་མང་བསྐྱོད་དེ་པར་ལེན་དང་དག་སྒྲིག་བྱས་པ་དག་དཔེ་རྙིང་གི་མ་ཡིག་དང་ཡང་ཡང་ཞིབ་བསྡུར་དང་། ཆད་ལུས་གསབ་པ་དང་རྩོམ་སྒྲིག་ཞིབ་ཚགས་བྱས། དཔེ་རྙིང་སྔར་ཡོད་ཀྱི་ཁ་བྱང་ལྟར་སྤྱིའི་དཀར་ཆག་དང་དེབ་སོ་སོའི་དཀར་ཆག་བསྒྲིགས་ནས་རིགས་གཅིག་མཁས་ཅན་དང་ཀློག་མཁན་རྣམས་ཀྱིས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་བདེ་བར་བཟོས།

འཛམ་གླིང་ཐོག་མཐོང་དཀོན་པའི་དམངས་ཁྲོད་ཀྱི་གནའ་བོའི་བོད་ཡིག་གི་བོན་གྱི་དཔེ་རྙིང་དེ་དག་ནི་བོད་ཀྱི་གནའ་བོའི་ཤེས་རིག་གི་བདེན་དཔང་ཡིན་ལ། བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་བང་མཛོད་ཅིག་ཀྱང་ཡིན། གནའ་བོའི་བོད་ཡིག་གི་བོན་གྱི་དཔེ་རྙིང་དེ་དག་འཚོལ་བསྡུ་དང་མྱུར་སྐྱོབ། དག་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་བྱ་རྒྱུ་དེ་མི་རིགས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པར་གཏོང་བ་དང་དར་སྤེལ་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།