སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཁྲ་གླིང་དགོན་བཀྲ་ཤིས་ཆོས་ལྡན་གླིང་།

ཡོང་ཁུངས། ཡོངས་འཛིན།

སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཁྲ་གླིང་དགོན་བཀྲ་ཤིས་ཆོས་ལྡན་གླིང་ནི་དར་ལག་རྫོང་གི་ནུབ་བྱང་ཁུལ་གྱི་འཛུགས་སྐྲུན་ཡུལ་ཚོའི་ཁོངས་སུ་ཆགས་ཤིང་། རྫོང་མཁར་ནས་ལེ་དབར་༡༩ཡོད་པ་རེད།      དགོན་པ་འདི་ནི་མགོ་ལོག་ཁུལ་བཅིངས་འགྲོལ་བྱས་པའི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ཡོད་པར་མ་ཟད། གནས་འདི་ནི་མགོ་ལོག་ཁག་གསུམ་གྱི་སའི་ལྟེ་བ་ཡིན་པས། ༡༩༥༢ལོ་ནས་བཟུང་སྟེ་མི་རིགས་མཐུན་སྒྲིལ་གྱི་གཞི་རྐང་མགོ་ལོག་ཁག་གསུམ་ལས་ཐོག་དང་པོར་འདི་ནས་བཙུགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མངག་གཏོང་ཚོགས་པ་ཐོག་དང་པོར་ལྟ་རུ་ཡོང་ས་དགོན་པ་འདི་ཡིན་ལ། དགོན་པས་སྐབས་དེར་ཆ་རྐྱེན་ཅི་ཡོད་ཀྱི་སྒོ་ནས་ལས་བྱེད་ཚོགས་སྐོར་ལ་ཞབས་ཞུ་དང་རམ་འདེགས་གང་ལེགས་བྱས་ནས་ཕན་ཚུན་གྱི་འབྲེལ་བ་ཧ་ཅང་ལེགས་པོ་ཞིག་གི་མགོ་བཟུང་བ་རེད། 

 སྐབས་དེའི་སྲིད་ཇུས་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་སྲིད་ཇུས་དང་། ཆོས་དད་རང་མོས་སྲིད་ཇུས། འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་བཅས་ཡིན་པའི་ཁྲིད་སྟོན་འོག ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་ལག་ལེན་མཐའ་འཁྱོལ་བྱས་ཏེ་བླ་སྤྲུལ་མཁན་གསུམ་གྱིས་ཏང་སྲིད་ཀྱི་བཀོད་འདོམས་ལྟར་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རང་ནུས་གང་ཡོད་ཀྱི་ཏང་སྲིད་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཕན་ཚུན་འབྲེལ་བ་ཧ་ཅང་ལེགས་པོ་ཞིག་སྔ་ནས་ད་བར་དུ་ཆགས་ཡོད།  དེའི་མི་ཚད་གྲྭ་ཚང་ནང་ཁུལ་དང་། དགོན་སྡེ་གཞན་དང་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་བར། ཆོས་ལུགས་མི་སྣ་དང་ཆོས་ལྡན་མང་ཚོགས་བར། ཚོ་བ་སོ་སོའི་བར་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལེགས་པོར་སྤེལ་བར་མ་ཟད། འཁོན་རྩོད་ཡོད་ཚད་བདེ་འཇགས་ཀྱི་ལམ་དུ་བཀོད་པ་དང་། ཆོས་ཚོགས་ཀྱི་ཁྲོད་དུའང་བརྐུ་འཕྲོག་བཅོམ་གསུམ་དང་རྡུང་རེས་འཁོན་འཛིང་སོགས་བྱེད་མི་རུང་བའི་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ནས་མང་པོ་འཆད་ཀྱིན་ཡོད་ལ། དེའི་མི་ཚད་དགོན་པའི་ནང་དུ་ཕྱག་སྐོར་བྱེད་བཞིན་པའི་བདག་མེད་ལོ་ལོན་དག་གི་ཁ་རྒྱབ་དང་འདས་པོའི་རིམ་གྲོ་ལ་སོགས་པའང་སྒྲུབ་ཀྱིན་ཡོད།
         དར་ལག་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཇགས་ཁྲོད། དགོན་པ་འདི་ཡིས་ས་གནས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་རོགས་བྱེད་པ། མང་ཚོགས་ཀྱི་འཚོ་བའི་བྱེད་སྟངས་ལ་ཁྲིད་སྟོན་མཛད་ནས་དགོན་པའི་ནང་དུ་མི་རིགས་མཐུན་སྒྲིལ་གྱི་གཙོ་ཤུགས་ནུས་པ་ཆེ་ཆེར་བཏོན་ནས་བྱ་བ་བསྒྲུབ་པ་དང་། དགོན་པ་དང་དད་ལྡན་མང་ཚོགས་ཀྱི་ཆོས་འཚོགས་ཀྱི་འབྲེལ་བར་བརྟེན་ནས་འཛམ་གླིང་སྤྱི་བསང་དང་། ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་ལ་སོགས་པའི་སྟེང་མི་རིགས་མཐུན་སྒྲིལ་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་བྱེད་བཞིན་འདུག དགོན་པ་འདི་ནི་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་ལྟེ་གནས་དང་། ཞིང་ཆེན་རིམ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལྟེ་གནས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་གྱི་ལྟེ་གནས་སོགས་ལ་གཏན་འཁེལ་བྱས་ཡོད།       དགོན་པ་འདི་ནི་ས་གནས་མང་ཚོགས་ཀྱི་སེམས་སུ་བླ་ན་མེད་པའི་གོ་གནས་ལྡན་ལ། དགོན་པ་ཧྲིལ་བོའི་གྲྭ་བཙུན་རྣམས་ཀྱིས་ཁྲིམས་བཀུར་ཞིང་ཚུལ་ཁྲིམས་སྲུང་བ་དང་། རང་རྟོགས་སྒོས་མཐའ་འཁོར་གྱི་དད་ལྡན་མང་ཚོགས་ལ་མི་རིགས་རིག་གནས་རྒྱུད་འཛིན་དང་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཞབས་ཞུ་གང་ལེགས་སྒྲུབ་ཀྱིན་ཡོད་པ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།