ལྷ་སས་གནམ་མཚོ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཚེས10ཉིན། 2024ལོའི་ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལྷ་ས་ནས་བསྡུས། གསར་འགོད་པས་ཚོགས་འདུ་ཡུལ་དངོས་ནས་རྒྱུས་ལོན་ལྟར་ན། ཟླ5བའི་ཚེས18ནས26བར་དུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་། གནམ་མཚོ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་བྱ་འགུལ། སྐར་ཚོགས་ལ་གཟིགས་པའི་བྱ་འགུལ། ཚོང་འགུགས་དངུལ་འདྲེན་དང་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་རྒྱུ་རེད།

གསར་འགྱུར་ཁྱབ་བསྒྲགས་ཡུལ་དངོས་རྣམ་པ།  

གནམ་མཚོ་ལྗོངས་ཁུལ་ལ་བརྩེ་དུང་གི་གཏམ་རྒྱུད་ནང་དོན་ལྡན་ཞིང་། རི་ལྷ་གཉན་ཆེན་ཐང་ལྷ་དང་ཆུང་མ་གནམ་མཚོའི་ལོ་ངོ་སྟོང་ཕྲག་གི་ཕན་ཚུན་གྱི་བརྩེ་བ་མཚོན་ཡོད། མི་རྣམས་དང་མཉམ་གྱིས་མཛེས་སྡུག་གི་བརྩེ་དུང་བདེན་དཔང་བྱ་ཆེད། ད་ལོའི་བྱ་འགུལ་རིང(ཟླ5བའི་ཚེས17ནས་ཚེས26བར)རང་གི་དགའ་རོགས་ཁྲིད་དེ་གནམ་མཚོ་བཀྲ་ཤིས་གླིང་ཕྲན་ལྗོངས་ཁུལ་དུ་ཡོང་བའི་ཡུལ་སྐོར་པར་སྒོ་འཛིན་རིན་མི་དགོས་པ་དང་། 2024ལོར་གཉེན་སྒྲིག་པའི་བཟའ་ཟླ་ཡིན་ཚེ་ད་ལོར་གནམ་མཚོ་བཀྲ་ཤིས་གླིང་ཕྲན་ལ་ཡུལ་སྐོར་བྱེད་དུ་ཡོང་ན་སྒོ་འཛིན་ཚང་མ་རིན་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ཡོད།

བྱ་འགུལ་རིང་། གནམ་མཚོ་ལྗོངས་ཁུལ་གྱིས་སྡོད་ཁང་སྣེ་ལེན་དང་མི་གསར་ཡུལ་སྐོར་པར་རྒྱག རྟ་ཞོན་ན་རི་བསྐོར་བྱེད་པ། མཚན་མོའི་མེ་ཕུང་དང་སྐར་ཚོགས་ལྟ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད། མིག་སྔར་གཙོ་གཉེར་ཕྱོགས་དང་འགན་གཉེར་སྡེ་ཚན་གྱིས་རྩ་འཛུགས་ཨུ་ལྷན་གྱི་བཀོད་འདོམས་དང་རེ་བ་བཞིན་གོ་རིམ་ལྡན་པའི་ངང་རིགས་སོ་སོའི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད།

2023ལོར། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི3760.07སྣེ་ལེན་བྱས་པ2019ལོའི་དུས་མཉམ་ལས60.87%འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒར་དུང་ཕྱུར464.19ཟིན་ནས་དུས་མཉམ་ལས33.12%འཕར་ཡོད། ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི350.59སྣེ་ལེན་བྱས་ནས་དུས་མཉམ་ལས87.61%འཕར་ཞིང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར35.92ཟིན་པ་དུས་མཉམ་ལས132.64%འཕར་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།