ལོ་ངོ་སྟོང་གི་དགོན་པ་གྲགས་ཅན་མཐོ་ལྡིང་དགོན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་གི་དགོན་པ་གྲགས་ཅན་མཐོ་ལྡིང་དགོན་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་མཁར་དུ་གནས་ཤིང་། དེ་ནི་གུ་གེའི་རྒྱལ་བོ་བཀྲ་ཤིས་མགོན་གྱི་བུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས996ལོར་བསམ་ཡས་དགོན་པར་དཔེ་བལྟས་ནས་ཕྱག་བཏབ་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ནམ་ལོ་ཙྭ་བ་ཆེན་པོ་ལོ་ཆེན་རིན་ཆེན་བཟང་པོ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་བླ་མ་སྐྱེས་ཆེན་དང་བཙུན་པའི་འདི་གར་འཚོ་བ་རོལ་བ་དང་། གསུང་ཆོས་གནང་བ། ཆོས་དཔེ་སྒྱུར་བ། དཔེ་ཆ་རྩོམ་པ། གཞུང་ལུགས་སྲོལ་འབྱེད་བཅས་བྱས་པས། མཐོ་ལྡིང་དགོན་འདི་ཉིད་གུ་གེའི་རྒྱལ་རབས་ཀྱི་ཆོས་ལུགས་ལྟེ་གནས་དང་བོད་ལྗོངས་ནུབ་རྒྱུད་ཀྱི་དགོན་པ་མིང་གྲགས་ཅན་དུ་གྱུར་བ་རེད།

མཐོ་ལྡིང་དགོན་གྱི་ལྟེ་གནས་ས་ཁོངས་སུ་འདུ་ཁང་དང་གྲྭ་ཤག གདུང་རྟེན་བཅས་ཆ་ཤས་གསུམ་འདུས་ཤིང་། འདུ་ཁང་ལ་ཕྱི་ནང་གཉིས་སུ་བགོས་ཡོད་ལ། ནང་ཁུལ་གྱི་བཟོ་བཀོད་གཙོ་བོར་ས་སྐྱའི་འདུ་ཁང་དང་ཚོམས་ཁང4ཡོད་པ་དང་། ཕྱི་རོལ་དུ་འདུ་ཁང16ཡོད། མཐོ་ལྡིང་དགོན་གྱི་ནང་ཁུལ་དུ་སྤྱི་ལོ་དུས་རབས14བའི་མཇུག་ནས་དུས་རབས15པའི་བར་གྱི་སྤུས་ལེགས་ལྡེབས་རིས་དང་འཇིམ་བཟོའི་སྐུ་འདྲ་སོགས་རིག་དངོས་རྩ་ཆེན་འབོར་ཆེན་ཉར་ཚགས་བྱས་ཡོད་མོད། འོན་ཀྱང་ལོ་རབས་ཀྱི་ཡུན་རིང་བ་དང་རང་བྱུང་བསླད་སྐྱོན་ཐེབས་པའི་རྐྱེན་གྱིས་སྔོན་ཆད་ཆར་འཛག་པ་དང་ལྡེབས་རིས་ལ་ཆག་གྲུམ་སོགས་ཀྱི་གནད་དོན་བྱུང་ཡོད། 

1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་ལྡིང་དགོན་འདི་ཉིད་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཅུག་པ་དང་། དེ་རྗེས་རྒྱལ་ཁབ་ཀྱིས་ཐེངས་མང་མ་དངུལ་འབོར་ཆེན་བཏང་ནས་མཐོ་ལྡིང་དགོན་གྱི་མྱུར་སྐྱོབ་དང་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་དགོན་པ་གྲགས་ཅན་འདིར་གསོན་ཤུགས་འཕེལ་བ་རེད། 1996ལོར། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་མངའ་རིས་རིག་དངོས་མྱུར་སྐྱོབ་སྲུང་སྐྱོབ་བྱ་རྒྱུ་དེ་བོད་སྐྱོར་ལས་གཞི་གལ་ཆེན་དུ་བརྩིས་ནས་དངོས་སུ་སྤེལ་མགོ་ཚུགས་ཤིང་། འདི་ནི་ཕོ་བྲང་པོ་ཏ་ལའི་ཉམས་གསོའི་ལས་གཞི་ཡི་རྗེས་སུ། རང་རྒྱལ་གྱིས་བོད་ལྗོངས་སུ་སྤེལ་བའི་གཞི་ཁྱོན་ཆེན་པོ་དང་ཕྱོགས་བསྡུས་རང་བཞིན་གྱི་རིག་དངོས་ཉམས་གསོ་དང་སྲུང་སྐྱོང་། ཞིབ་འཇུག་གི་ལས་གཞི་གལ་ཆེན་ཞིག་ཡིན་ལ། དེའི་ཁྲོད་མཐོ་ལྡིང་དགོན་པའི་མྱུར་སྐྱོབ་སྲུང་སྐྱོབ་འདུས་ཡོད། 

རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད། 2015ལོར་མཐོ་ལྡིང་དགོན་གྱི་རིག་དངོས་ཉམས་གསོའི་ལས་གཞི་དངོས་སུ་ལས་མགོ་ཚུགས་པ་དང་། ལས་གཞི་འདིས་མཐོ་ལྡིང་དགོན་གྱི་རིག་དངོས་བཟོ་སྐྲུན་གྱི་གཙོ་ཆེ་གྲས་ཉམས་གསོ་བྱས་པ་མ་ཟད། ད་དུང་བདེ་འཇགས་མེ་གསོད་དང་གཟར་ངོས་སྲ་འགོག་སོགས་ཀྱི་མཐུད་སྐྲུན་ལས་གཞི་སྤེལ་ཡོད།

སྔོན་ཆད་མཐོ་ལྡིང་དགོན་གྱི་སྲུང་སྐྱོབ་ལ་ཐབས་ཇུས་འདོན་མཁན་གྱི་ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མཐོ་ལྡིང་དགོན་གྱི་ལྟེ་གནས་བཟོ་སྐྲུན་ནི་གླང་ཆེན་ཁ་འབབ་ཀྱི་འགྲམ་རྒྱུད་དུ་གནས་པས། སྔོན་ཆད་ཆུ་བོ་དང་ཆར་ཆུ་སོགས་ཀྱི་བསླད་སྐྱོན་བྱུང་བ་ཚབས་ཆེན་ཡིན་པ་དང་། གཟར་ངོས་མཆོད་རྟེན་གྱི་གནས་བརྗེས་པ་དང་ཀ་གདུང་འཁྱོག་པ་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད། ཐེངས་མང་རིང་གཞི་ཁྱོན་ཆེན་པོའི་མྱུར་སྐྱོབ་ཉམས་གསོ་བྱས་པའི་ཕན་འབྲས་མངོན་གསལ་ཡིན་པ་དང་། མཐོ་ལྡིང་དགོན་གྱི་ད་ལྟའི་གནས་ཚུལ་གྱིས་མི་རྣམས་ལ་དགའ་ཞིང་བློ་བདེ་བའི་ཚོར་བ་སྐྱེས་སུ་འཇུག

དེང་སྐབས། གནའ་ཉམས་བབ་ཆགས་ཀྱི་མཐོ་ལྡིང་དགོན་གྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུགས་ཡོད་པ་དང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལྷིང་འཇགས་ཀྱི་མཛེས་སྡུག་གིས་མཐོ་སྒང་གི་གཙང་ཞིང་དཀར་བའི་ཟླ་འོད་ཁྲོད་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།