དཔེ་ཆ་ཀློག ཉིན་བཞིན་དཔེ་ཀློག་རྒྱུན་འཁྱོངས་བྱེད། ལྕགས་ཐར་རྒྱལ།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

འཛམ་གླིང་གི་དཔེ་ཀློག་ཉིན་མོ་སླེབས་བྱུང་།   མིའི་རིགས་ཀྱི་མིག་དབང་དཔེ་ཆ་ལ་སྐྱོན་པའི་འཛམ་གླིང་གི་ཉིན་མོ་སླེབས་བྱུང་།   ཉིན་སྐར་གྱིས་དཔེ་ཀློག་ལ་བསྐུལ་བའི་འཛམ་གླིང་གི་གཞེན་སྐུལ་སླེབས་བྱུང་། གཞེན་སྐུལ་འདི་ལ་བརྟེན་ནས་དཔེ་ཀློག་གི་ཚ་རླབས་འཕྱུར་བའི་དུས་སྐར་སླེབས་བྱུང་། དཔེ་ཆའི་ནང་དུ་ཤེས་རིག་སྣ་མང་གི་གཏེར་ཁ་གཏམས་ཤིང་།   ཤེས་རིག་སྣ་ཚོགས་པའི་གང་བུ་དཔེ་ཆའི་ནང་དུ་ལྟེམ་པའི་དབང་གིས།  འགྲོ་བ་མིའི་རིགས་ནམ་ཡང་དཔེ་ཆ་དང་འབྲལ་ཐབས་མེད་ལ།  དཔེ་ཆ་ནི་ནམ་ཡང་འགྲོ་བ་མིའི་རིགས་ཀྱི་རིག་པ་རྒྱས་པའི་གསོས་དང་།  སྟོབས་ཤུགས་སྐྱེད་པའི་རྒྱགས་དང་།  མི་ཚེའི་རིན་ཐང་འདེགས་པའི་རྟེན་དུ་ངེས་པ་སྟེ།  སྐད་ཆ་ལ་བརྟེན་ནས་མི་ཞེས་པའི་སྲོག་ཆགས་འདི་ཉིད་ཤེས་རིག་བཀྲ་བར་གྱུར་ཅིང་།  དེ་ལ་བརྟེན་ནས་མི་ཉིད་འཇིག་རྟེན་གྱི་ཁམས་ཡངས་པོའི་བདག་པོ་རུ་གྱུར་ཏེ།  སྐད་ཆའི་སྦྱོར་བ་མཚོན་བྱེད་ལ་ཡི་གེ་བསྐྲུན།  ཡི་གེ་ལ་བརྟེན་ནས་འདས་པའི་ལོ་རྒྱུས་གླེགས་བུར་བཏབ།  ད་ལྟའི་གནས་བབ་ཕྱི་ལ་ཉར།  མ་འོངས་པའི་འདུན་མ་རིག་པས་གསལ་ཏེ།  སྐད་རིགས་མི་འདྲ་བ་ལ་བརྟེན་པའི་རིག་གནས་མི་འདྲ་བ་ནི་ཡི་གེ་མི་འདྲ་བས་མཚོན་ཞིང་།  ཡི་གེའི་གླེགས་བམ་རེ་རེ་ནི་བློས་ཐུབ་ཀྱི་གྲོགས་པོ་རེ་རེ་དང་།   དཔེ་ཆ་ཞིག་གི་ཤོག་ལྷེ་རེ་རེ་ནི་མུན་པ་སེལ་བའི་སྒྲོན་མེ་རེ་རེར་གྱུར་པས།  འདས་པའི་དུས་སུ་སྔོན་བྱོན་དྲན་དབང་རྣམས་ཀྱིས་སྐུ་ཚེ་དཔེ་ཆ་ལ་བསྟིམས།  དཔེ་ཆ་མང་པོས་ཤེས་རིག་གི་གན་མཛོད་སྤམ་མཐོ་བ་བཞེངས།  མི་རིགས་ཤིག་གི་དབུ་འཕང་གཞི་ནས་བླ་རུ་བཏེགས།  འཇིག་རྟེན་གྱི་ཞིང་ཁམས་ཡངས་པོ་རིག་པས་གསལ་བར་མཛད་པ་ལགས་ཤིང་།  ད་ལྟའི་དུས་སུ་ཤེས་རིག་གི་འཕེལ་ཚད་སྔར་བས་མགྱོགས་ཤིང་།  རིག་གནས་ཀྱི་རྣམ་གྲངས་སྔོན་ལས་མང་དུ་འགྲོ་བཞིན།  རིགས་རུས་དང་ཤ་མདོག་མི་གཅིག་པའི་མི་སུ་དང་གང་གིས་ཀྱང་རིག་པར་བརྩོན།  དཔེ་ཆར་ལྟ།  འཚོ་ཐབས་སྒྱུར་བའི་དུས་འདིར་འུ་ཅག་རྣམས་ཀྱིས་ཀྱང་ལག་ཟུང་དཔེ་ཆར་འཇུ་ཞིང་།  མིག་ཟུང་དཔེ་ཆར་བསྐྱོན་ཏེ།  ལས་ཀའི་ཁོམ་གསེང་ལ་དཔེ་ཆར་བལྟ།  བཟའ་བཏུང་གི་བར་སྐབས་ལ་དཔེ་ཆ་གཟུང་།   རྒྱང་སྐྱོད་ཀྱི་ལམ་བར་དུ་དཔེ་ཆ་བཀླག་པའི་སྲོལ་བསྐྱངས་ཏེ།  ཡིད་ཀྱི་རྒྱགས་ཟས་སུ་དཔེ་ཆ་བསྟེན།  རིག་པའི་འབྱུང་གཞི་ནི་དཔེ་ཆར་བཅོལ།   ལས་ཀའི་ཐབས་ལམ་ནི་དཔེ་ཆར་དྲི།   ཡུལ་གང་དུ་འགྲོ་བ་དང་།  ལས་ཀ་ཅི་ཞིག་བསྒྲུབ་པ།  དུས་ཚོད་ནམ་ཞིག་གི་སྐབས་ཀྱང་དཔེ་ཆ་དང་མི་འབྲལ་བའི་གོམས་སྲོལ་སྐྱེད་པར་ཞུའོ། །

ཞེས་པ་འདི་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྕགས་ཐར་རྒྱལ་གྱིས་༢༠༢༤ལོའི་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་སྐྱེས་ཀྱི་དོད་དུ་ཕུལ་པ་དགེ་གྱུར་ཅིག  །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།