བོད་ལྗོངས་དགེ་རྒྱས་རྫོང་མེ་ལོང་ལྟག་ཕུ་བྲག་ཕུག་གི་གནའ་ཤུལ་དེ་ད་ནས་ཡར་དེད་ན་ལོ་ངོ་ཁྲི5.3འགོར་ཡོད་པ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒུལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་བཅས་ཀྱིས་གྲུབ་པའི་མེ་ལོང་ལྟག་ཕུ་བྲག་ཕུག་གནའ་ཤུལ་རྟོག་ཞིབ་དཔུང་སྡེ་རུ་རྒྱུས་ལོན་པ་ལྟར་ན།  བསྟུད་མར་ལོ་ངོ་དྲུག་རིང་གི་གནའ་རྫས་སྔོག་འདོན་དང་རྟོག་ཞིབ་བརྒྱུད།   མེ་ལོང་ལྟག་ཕུ་བྲག་ཕུག་དང་པོ་དང་གཉིས་པ་ནས་རྡོ་ཆས་རྙིང་བའི་དུས་ནས་ལྕགས་རིགས་དུས་རབས་སྔ་མའི་སྐབས་ཀྱི་རིག་གནས་ཤུལ་རྫས་ཁྲི་ལྷག་ཐོན་ཞིང་། དེའི་ནང་རྡོ་ཆས་དང་། རུས་ཆས།  རྫ་ལེབ།  ཟངས་ཆས།  སྲོག་ཆགས་ཀྱི་རུས་པ།  རྩི་ཤིང་གི་ཤུལ་རྫས་སོགས་འདུ།

མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ནི་ས་བབ་མཐོ་ཚད་སྨི4600ལྷག་ཙམ་གྱི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་ཡོད་པ་དང་། མིག་སྔའི་བར་ས་མཐོའི་དབུས་ཁུལ་དུ་རྙེད་པའི་ལོ་རྒྱུས་སྔོན་གྱི་ཕུག་པའི་གནའ་ཤུལ་ཐོག་མ་ཡིན་པ་མ་ཟད། འཛམ་གླིང་ནས་ས་བབ་ཆེས་མཐོ་སར་ཆགས་པའི་ལོ་རྒྱུས་སྔོན་གྱི་ཕུག་པའི་གནའ་ཤུལ་ཆེ་ཤོས་ཀྱང་རེད།

དུས་ཡུན་རིང་བོར་མིའི་རིགས་འགུལ་སྐྱོད་ཀྱི་གཞི་ཁྱོན་ལ་བདེན་དཔང་ཁུངས་ལྡན་ཞིག་སྤྲད། 

བྲག་ཕུག་དང་པོའི་རྡོ་ཆས་ཀྱི་ལག་རྩལ་ལ་ཐཱན་བཅུ་བཞི་དང་འོད་འཕྲོས་ལོ་ཚད་འཇལ་བྱས་པའི་ཐོག་མའི་གཞི་གྲངས་ལྟར་ན།  གནའ་ཤུལ་དེ་དུས་ད་ལྟའི་བར་ལོ་ངོ་ཁྲི5.3ཕྱིན་ཡོད་པ་མ་ཟད། ཐ་ན་དེ་ལས་སྔ་བའི་ལོ་ཁྲི8ཡས་མས་འགོར་ཡོད་ཀྱང་སྲིད།   གནའ་ཤུལ་དེ་ལས་གསར་རྙེད་བྱུང་བའི་རྟོག་ཞིབ་མཇུག་འབྲས་ཡིས་རྡོ་ཆས་རྙིང་བའི་དུས་ཀྱི་མིའི་རིགས་མཐོ་སྒང་དུ་འཚོ་སྡོད་ཇི་ལྟར་བྱས་པ་ལ་ཆེས་སྔ་ཤོས་ཀྱི་བདེན་དཔང་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
  མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ནི་བོད་ལྗོངས་བྱང་ཐང་མཐོ་སྒང་གི་ནུབ་རྒྱུད་ས་ཁུལ་ཏེ། ས་བབ་མཐོ་ཚད་སྨི4600ལྷག་ཙམ་གྱི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་ཡོད་པ་དང་། ཆུ་བོ་སེང་གེ་ཁ་འབབ་ཀྱི་སྟོད་རྒྱུད་གཡོན་ངོགས་ཀྱི་བྲག་རི་ན་ཡོད་ཅིང་། བྲག་ཕུག་གི་ཁ་དེ་ཆུ་བོ་སེང་གེ་ཁ་འབབ་ཀྱི་ཆུ་ངོས་ལས་མཐོ་ཚད་སྨི104ཡི་མཚམས་ན་ཡོད་པ་དང་།  བྲག་ཕུག་གསུམ་གྱིས་གྲུབ། དེ་ལས་དང་པོའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ1000ལྷག་ཙམ་དང་། གཉིས་པའི་རྒྱ་ཁྱོན་ཅུང་ཆུང་བ་སྟེ་ཧ་ལམ་སྨི་ངོས་སྙོམས་གྲུ་བཞི་མ60ཡོད།  གསུམ་པ་དེ་སྔ་མ་གཉིས་ལས་ཆུང་བ་སྟེ་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ25ལས་མེད་དོ། །

བྲག་ཕུག་དེ་ནི་ལོ་རྒྱུས་སྔོན་གྱི་རིག་གནས་གནའ་ཤུལ་རེད།  2018ལོའི་ཟླ7པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒུལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་ནས་རྡོ་ཆས་རྙིང་བར་རྟོག་ཞིབ་བྱེད་སྐབས་གནའ་ཤུལ་དེ་ཐོག་མར་རྙེད།  རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་བརྒྱུད། 2018ལོ་ནས2023ལོའི་བར་ལ། གནའ་རྫས་རྟོག་ཞིབ་དཔུང་སྡེས་ལོ་ངོ་དྲུག་རིང་ལ་གནའ་རྫས་སྔོག་འདོན་དང་རྟོག་ཞིབ་བྱས།   གོང་གསལ་གྱི་རིག་གནས་ཤུལ་རྫས་ཁྲི་ལྷག་རྙེད་པ་ལས་གཞན། བྲག་ཕུག་དང་པོའི་ལྡེབས་ངོས་སུ་གོ་རིམ་ཅན་གྱི་ཐིག་ཤར་མང་པོ་དང་།  མིའི་གཟུགས་རིས།  ལག་མཐིལ་གྱི་རི་མོ།   ཉི་མ་ལ་སོགས་རྡོ་ཚལ་དམར་པོས་བྲིས་པའི་བྲག་རྐོས་རི་མོ་ཡང་རྙེད།

སྔོག་འདོན་གྱི་སྐབས་སུ།  གནའ་རྫས་རྟོག་ཞིབ་དཔུང་སྡེ་ཡིས་གནའ་ཤུལ་ཡོད་སའི་དགེ་རྒྱས་གཞོང་དུ་རྟོག་ཞིབ་རབ་དང་རིམ་པ་བྱས་ལ། ད་སྔ་རྡོ་ཆས་རྙིང་བའི་དུས་ཀྱི་གནའ་ཤུལ30ལྷག་དང་། བྲག་ཕུག6བཅས་རྙེད་པ་ལས་རྡོ་ཆས་སྟོང་ཕྲག་ཁ་ཤས་འཚོལ་སྡུད་བྱུང་།  གཞན་ད་དུང་བྲག་ཕུག5རུ་བྲག་རྐོས་རི་མོ་ཡོད་པས།   མེ་ལོང་ལྟག་ཕུ་བྲག་ཕུག་གི་གནའ་ཤུལ་ལྟེ་བ་བྱས་པའི་གནའ་ཤུལ་ཚོགས་དེ་དག་གིས་ས་ཁོངས་དེར་དུས་ཡུན་རིང་བོ་ཞིག་ལ་མིའི་རིགས་འགུལ་སྐྱོད་ཆེན་པོ་བྱས་མྱོང་བའི་ལོ་རྒྱུས་མངོན་ཐུབ།

       གནའ་བོའི་མིའི་རིགས་ཀྱི་འཚོ་སྟངས་དང་འཚོ་ཐབས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས། 

རི་ཐང་རྟོག་ཞིབ་ཀྱི་ལས་ཀ་དེ2023ལོར་མཇུག་སྒྲིལ།  དེའི་རིང་དུ་བྲག་རི་སྤུངས་ཚུལ་དང་།  ཐཱན་བཅུ་བཞི་དང་འོད་འཕྲོས་ལོ་ཚད་ལེན་གྱི་ཐོག་མའི་མཇུག་འབྲས།  རྡོ་ཆས་ལག་རྩལ་གྱི་ཁྱད་ཆོས་སོགས་རྒྱུ་རྐྱེན་ཡོངས་ཕྱོགས་གཅིག་ཏུ་བསྡུས་ནས་བྲག་ཕུག་དང་པོའི་དཀྱིལ་ནས་ཕུགས། བྲག་ཕུག་གཉིས་པ་དང་དང་པོའི་ཕུག་སྒོ་བཅས་ཆགས་པའི་ས་རིམ་ལ་བརྟག་ན།  སོ་སོས་དུས་ཐོག་མ་ནས་མཇུག་བར་གྱི་དུས་སྐབས་གསུམ་རིང་གི་མིའི་རིགས་བྲག་ཁུང་དེར་འཚོ་སྡོད་བྱས་པའི་ལོ་རྒྱུས་མངོན།  
      བྲག་ཕུག་དང་པོའི་དཀྱིལ་དང་ཕུགས་ཀྱིT8སྔོག་འདོན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ64ཡོད་པ་དང་། དེ་ལས་རིག་གནས་གཙོ་བོ་དེ་ས་ངོས་དང་གཏིང་ཚད་སྨི2.7ནས་སྨི6.6གི་མཚམས་སུ་ཕྱིར་མངོན། རིག་གནས་ཀྱི་ཤུལ་རྫས་ལ་རྡོ་ཆས599དང་སྲོག་ཆགས་ཀྱི་འགྱུར་རྡོ1017རྙེད།   མ་དཔེ་མང་ཤོས་ལས་རྡོ་ཆས་གཏུབ་བཅད་ཀྱི་ཤུལ་གསལ་བོ་མཐོང་ཐུབ།  དེས་སྔ་དུས་མིའི་རིགས་ཀྱི་འཚོ་བ་རོལ་སྟངས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས།  ད་ལྟ་བྲག་ཕུག་དང་པོའི་དཀྱིལ་ཕུགས་ཀྱི་ས་རིམ་གྱི་ལོ་ཚིགས་ལ་ཚད་འཇལ་བྱེད་སྒང་ཡིན། རྡོ་ཆས་ཀྱི་ལག་རྩལ་ལ་བལྟས་ན།  བྲག་ཕུག་དང་པོ་ཆགས་པའི་ས་རིམ་གྱི་ལོ་ཚིགས་ནི་བྲག་ཕུག་གཉིས་པ་ཆགས་པ་ལས་སྔ་བ་རེད།

བྲག་ཕུག་གཉིས་པའིT1སྔོག་འདོན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ12ཡོད་ཅིང་། རིག་གནས་ཀྱི་ས་རིམ་འོག་མ་དེ་ས་ངོས་ལས་གཏིང་ཚད་སྨི1.5ཡི་མཚམས་ན་ཡོད།  རིག་གནས་ཤུལ་རྫས་ལ་རྡོ་ཆས8136དང་། སྲོག་ཆགས་ཀྱི་འགྱུར་རྡོ952བཅས་ཡོད།  གཞན་སྲོག་ཆགས་ཀྱི་གཅིན་སྐྱག  རྩི་ཤིང་སོགས་འབོར་ཆེན་ཐོན།  ཐཱན་བཅུ་བཞི་དང་འོད་འཕྲོས་ལོ་ཚད་འཇལ་གྱི་མཇུག་འབྲས་ཐོག་མ་ལྟར་ན།  བྲག་ཕུག་གཉིས་པའི་རིག་གནས་ཀྱི་ས་རིམ་དེ་ད་ནས་ཡར་དེད་ན་ལོ་ངོ་ཁྲི4.5ལས་སྔ་བ་རེད།

   བྲག་ཕུག་དང་པོའི་T3སྔོག་འདོན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་སྨི10ཡོད་ཅིང་། རིག་དངོས་ཀྱི་ས་རིམ་དེ་ས་ངོས་ལས་གཏིང་ཚད་སྨི1.5ཡི་མཚམས་ན་ཡོད། གཙོ་བོ་རྡོ་ཆས1170དང་། རྫས་ལེབ622། སྲོག་ཆགས་ཀྱི་རུས་ཆག4350རྙེད།  ཐཱན་བཅུ་བཞི་ཡི་ལོ་ཚིགས་ཚད་འཇལ་གྱི་གཞི་གྲངས་ལྟར་ན། རིག་གནས་ཀྱི་ས་རིམ་དེ་ད་ནས་ཡར་དེད་ན་ལོ4000ནས3000ཕྱིན་ཡོད་པ་དང་། བྲག་ཕུག་གི་ཀླད་ཀྱི་ས་རིམ་དུས་ད་ལྟའི་བར་ལོ་ངོ1000འདས་ཡོད་དེ། དེར་མགུལ་ཕྲེང་དང་། རུས་ཁབ། ཐིག་དྲ།   ཉ་རུས།  མིས་བཟོས་པའི་སྲོག་ཆགས་ཀྱི་རུས་པ་སོགས་འབོར་ཆེན་ཡོད་ལ།  ལོ་ངོ4000སྔོན་གྱི་མིའི་རིགས་ཀྱི་འཚོ་བ་རོལ་སྟངས་སླར་གསོ་ལ་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས་ཡོད།

རིག་ཚན་དུ་མའི་ཚན་རིག་གི་གནད་དོན་ཐག་གཅོད་ལ་བདེན་དཔང་རྩ་ཆེན་མཁོ་འདོན་བྱས། 

མེ་ལོང་ལྷག་ཕུ་བྲག་ཕུག་གི་བྲག་ཕུག་དང་པོ་དང་གཉིས་པར་དུས་སྐབས་དུ་མའི་རིང་ལ་མིའི་རིགས་འགུལ་སྐྱོད་བྱས་པའི་རིག་གནས་ཤུལ་རྫས་ཉར་ཡོད་ཅིང་། སྐབས་དེ་གནའ་མི་ད་ནས་ཡར་དེད་ན་ལོ་ངོ་ཁྲི5དང་ཐ་ན་ཁྲི8སྔོན་ནས་བཟུང་དེར་འཚོ་སྡོད་བྱས་མྱོང་ཡོད་པ་མ་ཟད།  སྐབས་སྐབས་སུ་གནམ་གཤིས་ཀྱི་རྐྱེན་དང་ཡང་ན་བྲག་ཕུག་བརྡིབས་ཉིལ་ལ་སོགས་ཀྱི་རྐྱེན་པས་ཕྱིར་གནས་སྤོས་བ་དང་། ཕྱིས་ཡང་བསྐྱར་བྲག་ཕུག་དེར་ལོག་ནས་བསྡད་མྱོང་ཡོད་པ་རེད། དུས་སྐབས་དུ་མའི་རིང་གི་རིག་གནས་ཉར་ཡོད་པ་དེས་གནའ་མི་དེ་རྣམས་ས་བབ་ཧ་ཅང་མཐོ་བའི་མཐོ་སྒང་འདིར་གནས་ཐུབ་པའི་ནུས་པ་དང་། འཕེལ་འགྱུར།  འཚོ་ཐབས། སྤྱི་ཚོགས་ཀྱི་གྲུབ་སྟངས་སོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ལྷག་པར་དུ་ལོ་ཁྲི5ནས་ཁྲི8གྱི་སྔོན་དང་།  ལོ་ཁྲི4.5།  ལོ4000ནས3000བཅས་རིང་གི་གནད་འགག་གི་དུས་སྐབས་ཀྱི་རིག་གནས་ཤུལ་རྫས་དེ་དག་གིས་མིའི་རིགས་གནའ་སྔ་མོ་དུས་སུ་མཐོ་སྒང་གི་ལྟེ་བར་ཅི་ལྟར་མཆེད་ཚུལ་དང་། སྔ་དུས་ཀྱི་དེང་རབས་མི་གང་སར་ཁྱབ་བའི་ལམ་ཐིག   སྲོག་ཆགས་དང་རྩི་ཤིང་སྒོ་ཟོག་ཏུ་བཏུལ་ཚུལ་དང་བེད་སྤྱད་བྱས་ཚུལ་སོགས་ཚན་རིག་གི་གནད་དོན་ཆེན་པོར་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད་དོ། །  

རྩོམ་སྒྲིག་པ། ཁོན་ཐར་འཚོ།