མང་རྫོང་མཁར་གྲོང་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་དགེ་རྒན་ཕག་མོ།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

1992ལོར་དགེ་རྒན་ཕག་མོ་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་མང་རྫོང་ཐར་ཤུལ་ཞང་དཀྱིལ་སྙིང་སློབ་གྲྭར་དགེ་རྒན་གྱི་ལས་སུ་ཞུགས་པ་དང་སློབ་གསོའི་བྱ་གཞག་ལ་བཅངས་པའི་བློ་སེམས་དཀར་པོས་སློབ་བུ་མང་པོ་བསྐྱངས་ཤིང་། སེམས་ནུས་ཡོད་རྒུ་བཏོན་ནས་འཛིན་གྲྭའི་རྩིས་རིག་སྦྱངས་འབྲས་རྫོང་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་དང་། སྔ་རྗེས་སུ་མང་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཕུལ་བྱུང་དགེ་རྒན་དང་། ཁུལ་ཡོངས་ཀྱི་ཕུལ་བྱུང་འཛིན་གྲྭ། སློབ་གསོ་སློབ་ཁྲིད་ཀྱི་ཕུལ་བྱུང་དགེ་རྒན་སོགས་གཟི་བརྗིད་མཚན་སྙན་ཐེངས་མང་བླངས་མྱོང་བ་མ་ཟད། 2020ལོར་རྫོང་རིམ་པའི་རྐང་འཛིན་དགེ་རྒན་ལ་བདམས་མྱོང་།

དགེ་རྒན་ཕག་མོ་ནི་མང་རྫོང་མཁར་གྲོང་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་རྩིས་རིག་དགེ་རྒན་ཞིག་ཡིན། 1992ལོར་དགེ་རྒན་གྱི་ལས་སུ་ཞུགས་པ་བྱས་ནས་ད་བར་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་ཁུར་ཞིང་། ཞང་གྲོང་དང་ཡང་ན་རྫོང་མཁར་སོགས་གང་དུ་སློབ་ཁྲིད་བྱེད་དུས།བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་བྱེད་པ། བརྩེ་སེམས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་ནི་ཁོ་མོའི་ལས་ཀའི་མཚོན་ཚུལ་ཞིག་རེད། ཁོ་མོས་འབད་བརྩོན་ཧུར་ལེན་དང་དཀའ་སྤྱད་འབད་བརྩོན་གྱི་ལས་ཀའི་རྣམ་འགྱུར་ལ་ལས་རོགས་དང་ཁྱིམ་བདག་ཚོའི་ཡིད་ཆེས་དང་སློབ་མའི་དགའ་བསུ་ཐོབ་ཡོད། དུས་མཚུངས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་བཀུར་སྙིང་སྟོབས་གསལ་བོར་མངོན་ཡོད། 

དགེ་རྒན་ཕག་མོས་སློབ་མ་ཚོར་རྩིས་རིག་གི་རྩིས་གཞི་མི་འདྲ་བའི་འགྲེལ་བཤད་དང་། སློབ་མས་རང་འགུལ་ངང་ལག་པ་བཀྱགས་ནས་དྲི་བར་ལན་རྒྱག་རྒྱུའི་ལྕག་སྐུལ་བྱེད་ཀྱིན་ཡོད་པར་མ་ཟད། སློབ་སྦྱོང་ཁྲོད་ཐོབ་པའི་གྲུབ་འབྲས་ལ་རྟག་ཏུ་བསྔགས་བརྗོད་བྱས་ཏེ་སློབ་སྦྱོང་གི་སྤྲོ་སྣང་སྔར་བས་འཕེལ་བར་བྱས་ཡོད། རྩིས་རིག་ལ་མི་དགའ་བའི་སློབ་མ་ཁག་གཅིག་གི་མདུན་དུ་ཁོ་མོས་མི་དང་བསྟུན་ནས་རྒྱུ་རྐྱེན་དབྱེ་ཞིབ་བྱས་ཏེ་རྒྱུན་དུ་ལས་ཞོར་དུས་ཚོད་སྤྱད་དེ་ཁོ་ཚོར་སློབ་ཚན་གསབ་ཁྲིད་བྱེད་ཀྱི་ཡོད། འཛིན་གྲྭའི་ནང་གི་སློབ་མ་ཁག་གཅིག་ལ་བྱ་སྤྱོད་ཐད་ནོར་འཁྲུལ་ཤོར་ཚེ་ཁོ་ཚོར་ཡང་དག་པའི་རིན་ཐང་ལྟ་བ་གསོ་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡོད་པས། སློབ་ཁྲིད་བྱེད་སྟངས་དེར་སློབ་མའི་དགའ་མོས་དང་། ཁྱིམ་བདག་དང་ལས་རོགས་ཚོའི་བསྔགས་བརྗོད་ཐོབ་ཡོད།

མང་རྫོང་མཁར་གྲོང་བཅའ་སྡོད་ལམ་ལུགས་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་མ། བསྟན་འཛིན་བཟང་མོས་བཤད་རྒྱུར།  ང་རང་དགེ་རྒན་ཕག་མོའི་སློབ་ཚན་ལ་ཉན་རྒྱུར་ཧ་ཅང་དགའ། ཁོ་མོས་ང་ཚོར་ཤེས་བྱ་ཡོན་ཏན་ཁྲིད་པ་ཕུད།མི་ཚུལ་ལྡན་ཞིག་བྱེད་པའི་གནས་ལུགས་མང་པོ་བཤད་པ་དང་། ང་ཚོའི་ནམ་རྒྱུན་གྱི་འཚོ་བར་སེམས་ཁུར་བྱེད་ཀྱི་ཡོད་པས་ཚང་མ་མོ་ལ་ཧ་ཅང་དགའ་ཟེར།

མང་རྫོང་བརྙན་འཕྲིན་གི་གསར་འགོད་པ། ཀུན་བཟང་བཀྲ་ཤིས། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།