ང་ཚོ་ཚང་མ་ཁ་བ་རི་བོའི་ལྗོངས་འདིར་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཤིག་ཡིན་ལ། ནང་པའི་ཆོས་ཀྱི་རྗེས་འབྲང་པ་ཤ་སྟག་ཡིན་པས། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དམ་ཟབ་བྱ་དགོས། མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས།
ང་ཨུ་ཡོན་ཀྲང་གི་གོ་གནས་ལ་བསྡད་མྱོང་ལ། ལོ་དགུ་དང་ཟླ་བ་བརྒྱད་ལ་མུན་ནག་གི་བཙོན་ཁང་འགྲིམས་སྟེ་ཉེས་མེད་ཀྱི་བཙོན་པ་ཡང་བྱེད་མྱོང་། འོན་ཀྱང་ཐོབ་ཤོར་དེ་ཙམ་ལ་སྣང་དོགས་བྱེད་མ་མྱོང་། ངས་སྣང་དོགས་བྱེད་ས་ནི་བོད་མི་རིགས་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་ང་རང་འདོད་པའི་ཚིམ་པའི་བྱ་བ་བསྒྲུབ་མ་ཐུབ་པ་དེ་ཡིན།
ང་ཚོ་ཚང་མ་བོད་པ་རེད། སྔོན་ལ་བོད་ཡིག་ཡག་པོ་སྦྱང་དགོས། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱང་དགོས་པ་འདུག་ཅེས་གང་སར་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་ཡག་པོ་རང་མི་འདུག འདོད་པ་ཚིམ་པོ་ཞིག་མི་འདུག་ཚང་མས་བོད་ཡིག་དེ་ཡག་པོ་ཞིག་སྦྱོངས་རོགས་ཞུ།
བོད་ཡིན་ན་བོད་ཡིག་སློབ་དགོས། ལ་ལས་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ། བོད་མི་རིགས་ཤིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད།
མི་རིགས་ཀྱི་ལ་རྒྱ་ཞེས་པ་ཧ་གོ་དགོས། དེ་ནི་ཁ་མཆུ་འཁོན་འཛིང་འཐབ་རྩོད་ཆགས་སྡང་གི་ལ་རྒྱ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ཤིང༌། སྐད་དང་ཡི་གེ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་རང་སྐྱོང་རང་བདག་གི་ལ་རྒྱ་དང་རང་ཚུགས་ཡོད་དགོས།
ང་རང་གི་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།
ད་ལྟ་ཁྱེད་རང་ཚོས་བོད་ཡིག་ཡག་པོ་སྦྱོངས་དགོས། ཁྱེད་རང་ཚོའི་སློབ་ཚན་བཀོད་སྒྲིག་ཐད་བོད་ཡིག་སློབ་ཚན་ཅུང་ཟད་ཉུང་དྲགས་འདུག འདི་ལྟར་བྱས་ན་བོད་ཡིག་ཡག་པོ་སྦྱོང་མི་ཐུབ། བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་མི་འདུག་གམ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་ཞིག་གཏན་ནས་མིན།
ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་དགོས་པ་རེད། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད། བོད་ལ་བོད་ཡིག་གཙོ་བོ་ཡིན་པ་ནི་དངོས་སུ་གསལ་བས་སྨོས་མ་དགོས་པ་ཞིག་རེད། ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགལ་བ་མ་རེད་དམ། ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ། བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད།
མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན། མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཐུབ་མཁན་ཞིག་ཡིན་དགོས་པ་ལས། ལྕེ་བསྣར་ཏེ་ཀུན་ལ་ལེགས་སོ་ཞེས་བརྗོད་མཁན་ཞིག་ཡིན་མི་འོས། དུས་རབས་དེ་ད་ལྟ་མཇུག་རྫོགས་པ་རེད།
སློབ་གྲྭ་ཡར་འགྲོ་དུས་བོད་ཡིན་ནི། མར་ཡོང་དུས་རུས་པ་བོད་ཡིན་ཡང་བོད་ཀྱི་བྲོ་བ་མེད་པ་ཞིག་མ་བྱེད་རོགས་རེ་བ་ཡིན།
ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་ལས། རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མིན། མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཁྲོད། རང་རེའི་མེས་པོ་རྣམས་ཀྱིས་ཀྱང་འོད་སྟོང་འབར་པའི་བསམ་བློ་དང་དངོས་བོའི་དཔལ་ཡོན་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པས། ང་ཚོ་བོད་རིགས་སློབ་མ་རྣམས་ཀྱིས་ངེས་པར་དུ་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གཙོ་འཛིན་བྱེད་དགོས།
ཁྱོད་ཚོ་སློབ་ཕྲུག་རྣམ་པ་ནི་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན་པས། ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་ཁག་ལེགས་པོ་སྦྱངས་ཏེ། དབུས་གཞུང་གིས་ང་ཚོར་སྤྲད་པའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་དགོས། ཁྱེད་རང་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་འདི་དོན་མེད་ཆུད་ཟོས་སུ་གཏོང་མི་རུང༌།
ཕྲུ་གུ ཆུང་དུས་སློབ་གྲྭ་གཏོང་བ་གལ་ཆེ་བ་དང༌། མི་རིགས་རང་ཉིད་ཀྱི་ཆོས་རིགས་གོམས་གཤིས་འཛིན་ཐུབ་པ་ཞིག་བསྐྱེད་བསྲིང་བྱེད་དགོས།
མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ཡིན་ན་ངེས་པར་དུ་རང་རེའི་ཆ་ལུགས་ཀྱི་གོས་གྱོན་དགོས། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་བཞིའི་དགོངས་དོན་ཡིན་པ་མ་ཟད། ས་ཁུལ་འདིར་སྡོད་བོད་རིགས་མི་དམངས་ཀྱི་ཁྱད་ཆོས་དང་ཐོབ་ཐང་ཞིག་ཀྱང་ཡིན།
བོད་ཡིག་ནི་ལོ་རྒྱུས་རིང་པོ་ཡོད་པའི་སྐད་ཡིག་ཅིག་ཡིན་ཞིང༌། བོད་ཀྱི་རིག་གནས་འདི་སྔ་མོར་དར་རྒྱས་ཤིན་ཏུ་ཆེ། འོན་ཀྱང་སེམས་ཕམ་པ་ཞིག་ནི་ད་ལྟ་རྗེས་སུ་ལུས་འདུག
མི་རིགས་ལས་བྱེད་པས་རང་གི་མི་རིགས་ཀྱི་དོན་དུ་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་ཡོད་ལ་སྐད་ཆ་ཡང་ངེས་པར་དུ་བཤད་དགོས། དེ་འདྲ་བྱས་ན་ད་གཟོད་མི་རིགས་ཀྱི་ལས་བྱེད་པའི་ནུས་པ་ཐོན་ཐུབ་རྒྱུ་རེད།
མི་ལ་གདོང་མཆོང་ངར་ཤུགས་དགོས་ལ། དཀའ་སྤྱད་འབད་བརྩོན་བྱེད་དགོས། རང་ལ་ཡིད་ཆེས་ཀྱང་དགོས། དེང་སྐབས་ང་ཚོར་དཀོན་པ་ནི་རང་ལ་ཡིད་ཆེས་མི་བྱེད་པ་འདི་ཡིན། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ། མི་རིགས་ལས་བྱེད་པར་མི་རིགས་རང་ལ་བརྩེ་དུང་ངེས་པར་དུ་ཡོད་དགོས།
རང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང༌། རང་གི་མི་རིགས་ཀྱི་དོན་དུ་བྱ་བ་ལེགས་པོ་སྒྲུབ་དགོས། དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པས་ཅི་བྱེད།
བོད་ཀྱི་རིག་པ་ཟེར་བ་འདི་ལ་རྨང་གཞི་དགོས་པ་ཡིན། རྨང་གཞི་དེ་གང་ཡིན་ཞེ་ན། བོད་ཀྱི་ཆོས་ལུགས་དང་བོད་ཀྱི་རིག་གནས་ཟེར་བ་འདི་གཉིས་ཡིན། དེ་གཉིས་ལ་ང་ཚོས་ད་བར་མཐོང་ཆུང་བྱས་པ་ལས། མཐོང་ཆེན་ཞིག་གཏན་ནས་བྱས་ཡོད་པ་མ་རེད།
མི་རིགས་སོ་སོ་འདྲ་མཉམ་ཡིན་དགོས། ཕན་ཚུན་ལ་བརྩི་བཀུར་བྱེད་དགོས། བོད་མི་རིགས་ཀྱིས་རྒྱ་རིགས་དང་མི་རིགས་གཞན་དག་ལ་བརྩི་བཀུར་བྱེད་དགོས་ལ། མི་རིགས་གཞན་དག་གིས་ཀྱང་བོད་མི་རིགས་ལ་བརྩི་བཀུར་བྱེད་དགོས། བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་ཀྱི་སྐད་དང་ཡི་གེར་བརྩི་བཀུར་ཐོབ་འོས། བོད་རིགས་ས་ཁོངས་རང་སྐྱོང་ལ་དོན་སྙིང་ཡོད་དགོས། ངའི་རེ་བ་ནི་བོད་མི་རིགས་ཀྱིས་བོད་ཡིག་ཤེས་དགོས་པ་མ་ཟད། རྒྱ་ཡིག་ཀྱང་ཤེས་དགོས། ད་དུང་མི་རིགས་གཞན་དག་གི་ཡི་གེ་ཤེས་དགོས་པར་རེ་བཞིན་ཡོད།
ལས་ལ་བརྩོན་ཞིང་དཔལ་ངར་ལྡན་པའི་བོད་མི་རིགས་ཀྱི་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།
བོད་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན། ང་ཤི་ཡང་མིག་མི་བཙུམ།
ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་ནང་དུ་བཤམས་ཏེ་དད་པ་ཡོད་མདོག་གིས་ཕྱག་འབུལ་དང་སྤོས་ཀྱིས་འདུག་པ་ལས། ངའི་ཁར་ཉོན་ནས་བོད་ཡིག་སྦྱོངས། ཚིག་བརྩིས་ཏེ་བོད་སྐད་ཤོད། ཁ་ལེན་ཚིག་བརྩི་མེད་པའི་དད་པ་དེ་འདྲ་ང་ལ་མི་མཁོ། སྐྱག་རྫུན་རེད།
དགོན་པ་མེད་ན་བཏབ་ཆོག་ལ། ལྷ་སྐུ་མེད་ན་ལས་ཆོག དཔེ་ཆ་མེད་ན་དཔར་ཆོག འོན་ཀྱང་། མང་ཚོགས་ཀྱི་དད་པ་ཉམས་ཚར་དུས་ཡོད་ཚད་མཇུག་རྫོགས་པ་ཡིན།
ངེད་ཀྱི་མི་ཚེ་ནི་ཀྱག་ཀྱོག་རིང་མོ་ཞིག་ཡིན་ཞེས་བཤད་ཆོག ང་ནི་མི་བདེན་པ་བདེན་དྲང་དང་ཁ་རུ་ཁ་ཐུག་ཅིག་ཡིན་ལ། ནམ་ཡང་སྐྱག་རྫུན་བཤད་མ་མྱོང་། མ་རུངས་ཁོག་བཅུག་དེ་བས་ཀྱང་བྱས་མ་མྱོང་། ཡིན་ཡང་འགོ་མཇུག་བར་གསུམ་ནས་གཞན་པ་ཚོས་ལྟ་ཚུལ་ངན་པ་དང་འཁྱོག་བཤད་སྣ་ཚོགས་བྱས་པ་རེད།
ཁྱེད་ཀྱིས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད་འོན་ཀྱང་ཁྱེད་ཀྱི་ཤ་དང་རུས་པ་ཅི་ལྟར་བྱེད་རྒྱུ་ཡིན།
བོད་རང་གི་ལ་རྒྱ་ཡག་པོ་ཟུངས། བོད་ཡིག་ཡག་པོ་སློབ། བོད་སྐད་དག་མོ་ཤོད། བོད་རང་གི་ཆ་ལུགས་ཀྱང་མ་འགྱུར་བ་དེ་འདྲ་རང་བྱོས། དེ་འདྲ་མ་བྱས་ཚེ་སྐུ་འབུམ་མཐའ་སྐོར་ན་ཡོད་པའི་རྒྱ་མིན་བོད་མིན་ཟེར་བ་མ་གཏོགས་གཞན་བོད་སྐད་ཀྱང་མི་ཤེས། བོད་ཀྱི་ཆ་ལུགས་ཀྱང་མེད་པ་དེ་འདྲའི་ཉེན་ཁར་ལྷུང་ཡོད། ཁྱོད་ཚོས་ཀྱང་མཉམ་འཇོག་དང་དོགས་ཟོན་ཡག་པོ་མ་བྱས་ཚེ་མྱུར་ཏུ་དེ་འདྲར་འགྱུར་ངེས་རེད།
ཡོན་ཏན་མེད་ན་ཁེ་ལས་སོགས་བྱ་བ་གང་ཡང་སྒྲུབ་མི་ཐུབ་པས་ན། ཆུང་དུས་ནས་བྱིས་པ་ཚོར་ཡོན་ཏན་སྦྱང་དུ་ཆུགས། དེ་ཡང་དང་བོ་བོད་ཀྱི་སྐད་ཡིག་ཤེས་དགོས་པ་རེད། བོད་ཡིག་ཤེས་པའི་ཐོག་ནས་གཞན་གྱི་ཡིག་རིགས་སོགས་སྦྱངས་ནས་ཤེས་དགོས་པ་ཡིན། དེ་འདྲ་བྱས་ཚེ་མི་རིགས་འཕེལ་རྒྱས་དང་སྐད་ཡིག་སློབ་གསོ་གང་ཕྱོགས་ནས་ཡར་རྒྱས་འགྲོ་ངེས་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།