ཉིན་ཤས་གོང་། འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་ཀྱི(WRCA)གཞུང་ཕྱོགས་མི་སྣས་ས་ཡུལ་དངོས་སུ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། བོད་ལྗོངས་རྒྱ་ཚ་རྫོང་འདི་ཉིད“འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྟོང་ལོའི་སྟར་སྡོང་གླིང”དུ་ངོས་འཛིན་བྱས་པ་རེད། རྒྱ་ཚ་རྫོང་གི་སྟར་སྡོང་དེར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། གནའ་སྔ་མོ་ནས“སྟོང་ལོའི་སྟར་སྡོང་གི་ཕ་ས”ཞེས་པའི་མཚན་སྙན་ཡོད། ལོ་ངོ་སྟོང་གི་སྟར་སྡོང་གིས་རྒྱ་ཚ་རྫོང་གི་ཞིང་ལས་ཤེས་དཔལ་གྱི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཀྱང་ཡིན།
ལོ་མང་པོའི་རིང་། རྒྱ་ཚ་རྫོང་སྲིད་གཞུང་དང་། འབྲེལ་ཡོད་ཁེ་ལས། ས་གནས་དེ་གའི་མང་ཚོགས་བཅས་ཀྱིས་སྟར་ཁའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱས་པ་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་དོ་དམ་ཞིབ་ཚགས་བྱས་པས་རྒྱ་ཚའི་སྟར་ཁའི་ཐོན་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད(WRCA)ཀྱིས་ངོས་འཛིན་བྱས་པའི་རྒྱ་ཚ་རྫོང་གི་སྟོང་ལོའི་སྟར་སྡོང་གླིང་དེའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ30.67ཟིན་པ་དང་དེའི་ནང་ལོ1000ལས་བརྒལ་བའི་ཡུག་གཅིག་ཏུ་སྦྲེལ་བའི་སྟར་སྡོང་གྲངས3657ཟིན་གྱི་ཡོད་ཅིང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཡུལ་ལྗོངས་ཞིག་ཀྱང་གྲུབ་ཡོད། ད་ཐེངས་བདེན་དཔང་ར་སྤྲོད་ཐོབ་པ་དེ་ནི་རྒྱ་ཚ་རྫོང་གི“སྟར་ཁའི་འདེབས་འཛུགས་ལག་རྩལ”ལ་ཁས་ལེན་ཐོབ་པ་ཞིག་དང་། བོད་ལྗོངས་ཀྱི་སྟར་ཁའི་ཐོན་ལས་རྒྱལ་ཡོངས་དང་འཛམ་གླིང་ཐོག་སྐྱོད་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
རྒྱ་ཚ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུབ་བསྟན་དབང་ཕྱུག་གིས། བདེན་དཔང་ར་སྤྲོད་ཐོབ་པ་དེའི་ཐོག་ནས་ང་ཚོའི་སྟར་ཁའི་ཐོན་ལས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མ་ཟད། བོད་ལྗོངས་ཀྱི་ཞིང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་ཡང་མཚོན་གྱི་ཡོད། ང་ཚོས་སྟར་ཁའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལག་རྩལ་གསོ་སྦྱོང་དང་ཁྲོམ་ར་རྒྱ་བསྐྱེད་སོགས་ཀྱི་བྱེད་ཐབས་བརྒྱུད་སྟར་ཁའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་ཞིང་པའི་ཡོང་འབབ་མང་དུ་གཏོང་རོགས་བྱེད་རྒྱུ་དང་། དུས་མཚུངས་སྟར་སྡོང་གླིང་གི་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྟར་སྡོང་གླིང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།