མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་བགྲོ་གླེང་སྐབས་ལྔ་པ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་རིགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནང་བསྟན་བྱ་གཞག་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱ་ཆེད། ཟླ11པའི་ཚེས23ཉིན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རང་ཞིང་གི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལག་ལེན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་ཡིན་པའི་ཞིང་ཆེན་ཡོངས་ཀྱི་ནང་བསྟན་བགྲོ་གླེང་སྐབས་ལྔ་པ་ཟི་ལིང་དུ་འཚོགས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རྟེན་འབྲེལ་ཞུ་ཡིག་བསྐུར་སྟེ་བགྲོ་གླེང་ཚོགས་འདུ་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཚང་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཡན་གྱི་མི་སྣ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་དང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེན་མོ། ཞིང་ཆེན་ལྟེ་བའི་ཚན་ཞིབ་སློབ་གླིང་གི་ཆེད་ལས་མཁས་པ། དེ་མིན་དགོན་པ་ཁག་གཅིག་གི་གྲྭ་བཙུན་འཐུས་མི་བཅས་ཁྱོན་བསྡོམས་མི་སྣ130ལྷག་བགྲོ་གླེང་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཝུའུ་ཏེ་ཅུན་གྱི་མངགས་བཅོལ་ལྟར། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་བགྲོ་གླེང་ལ་ཞུགས་པར་མ་ཟད་གཏམ་བཤད།  

ཐེངས་འདིའི་བགྲོ་གླེང་ཐོག་དཔྱད་རྩོམ50ལྷག་བསྡུ་རུབ་བྱས་ཡོད་པ་དང་། དྲང་སྙོམས་དང་དྲང་གཞག་གི་རྩ་དོན་གཞིར་བཟུང་། ཞིང་ཆེན་ནང་ཁུལ་གྱི་ཆོས་ལུགས་རིག་པའི་འབྲེལ་ཡོད་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། མཐར་ཕུལ་བྱུང་དཔྱད་རྩོམ9བདམས་ཐོན་བྱུང་ནས་བགྲོ་གླེང་ཐོག་སྤེལ་རེས་གཏམ་བཤད་བྱས། བགྲོ་གླེང་གི་བརྗོད་དོན་མངོན་པར་གསལ་བ་དང་། རྣམ་པ་གསར་རྐྱང་ཡིན་པ། ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པ། གྲུབ་འབྲས་མངོན་གསལ་དོད་པོ་ཡིན་ལ། ཚོགས་ཞུགས་མི་སྣས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆོས་ལུགས་ཀྱི་བསྟན་དོན་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་། ནང་བསྟན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་ཐུན་མོང་ཐོག་བསྟན་པ་དར་ཞིང་འགྲོ་ལ་ཕན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལ་རྒྱང་ལྟ་བྱས། ཚང་མས་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་གླེང་ཞིང་བཟང་པོ་སྤྱོད་པའི་སྨོན་ལམ་གླེང་བ། ཆོས་གྲོགས་བར་གྱི་མཛའ་མཐུན་བརྗོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་འཕེལ་རིམ་ཁྲོད། ཇི་ལྟར་བྱས་ནས་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་འགྲོ་བར་སྔར་ལས་འཚམ་པ་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་ནང་བསྟན་གྱི་དགོངས་པ་དང་ཆོས་ཁྲིམས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་སྔར་ལས་མཐུན་པར་བྱ་རྒྱུ། ཇི་ལྟར་བྱས་ནས་ནང་བསྟན་དང་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཀྱིས་ཕན་ཚུན་ལ་གྲུབ་འབྲས་ཐོབ་པར་བྱ་རྒྱུ། ཇི་ལྟར་བྱས་ནས་ནང་བསྟན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ནས་བགྲོ་གླེང་ལྷུག་པོར་བྱས་པ་དང་། ནང་བསྟན་ལས་རིགས་ཀྱིས་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ཏང་གི་གཙོ་འཛིན་ལ་བརྩི་བཀུར་ཞུ་བ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལེགས་པར་བསྟན། 

ཐེངས་འདིའི་བགྲོ་གླེང་འཚོགས་པ་ནི། རང་ཞིང་གི་ནང་བསྟན་ལས་རིགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་ནན་ཏན་བྱས་ནས། ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་བྱ་གཞག་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་། རང་ཞིང་གི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལག་ལེན་ལ་སྐུལ་འདེད་གཏོང་བར་རྒྱ་ཆེ་ལ་གཏིང་ཟབ་ཅིང་ཡུན་རིང་བའི་ཤུགས་རྐྱེན་ཐེབས་ངེས་རེད། 

ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་། རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་ཐུན་མོང་འབད་བརྩོན་འོག་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་རང་བཞིན་ལྡན་པའི་ནང་བསྟན་བགྲོ་གླེང་སྐབས་ལྔ་བདེ་བླག་ངང་འཚོགས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་རྒྱ་ཆེར་ཐོབ་པ་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཏེ། ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཛའ་མཐུན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།  ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱིས་ཐེངས་འདིའི་བགྲོ་གླེང་གོ་སྐབས་སུ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ཚད་ཐིག་ཏུ་ལོངས་པའི་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣ་ཞིག་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།