ཁྲེན་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་སྨན་ཁང་དུ། སྤྱི་ཟླ11པའི་ཚེས16ན་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་བོད་རིགས་དངོས་སྦྱོང་སློབ་མ་གཉིས་ལ་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་བསྩལ།
2023ལོའི་ཟླ་11པའི་ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་9པའི་ཐོག ཁྲེན་ཏུའུ་གྲོང་ཁྱེར་ཝུའུ་ཧོ་ཆུས་ཀའོ་ཧྲེང་ཟམ་པའི་ཉེ་འཁོར་ཐང་ཆེན་དུ་སྐྱེས་པ་ཞིག་གློ་བུར་ནད་གཞིས་རྐྱེན་པས་དྲན་པ་ཐོར་ནས་ས་ལ་འགྱེལ། སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་བོད་རིགས་བུ་མོ་བྱང་ཆུབ་ཆོས་སྒྲོན་དང་བྱང་ཆུབ་དབང་མོ་གཉིས་ཀྱིས་མི་ཚོགས་ཁྲོད་རོགས་སྐྱོབ་སྐད་སྒྲ་ཐོས་རྗེས་འཕྲལ་དུ་སྐྱེས་པ་དེ་འགྱེལ་སར་བསྐྱོད་ནས། ནད་པ་དེར་དབུགས་ལམ་ཟགས་ཆུ་གཙང་སེལ་དང་དྲན་པ་གསོ་ཐབས་སོགས་ཀྱི་ཛ་དྲག་རོགས་སྐྱོབ་བྱས་པ་རེད།
རྗེས་ཁོ་གཉིས་མི་ཚོགས་ཀྱི་ཁྲོད་དུ་ག་ལེར་ཡལ་བ་རེད། སྐབས་དེ་དུས་གནས་དེར་ཡོད་པའི་མང་ཚོགས་ཀྱིས་བརྙན་ཐུང་ཕབ་ལེན་བྱས་ཏེ་དྲ་ཐོག་དུ་བསྐུར་རྗེས་གཞི་ནས་བུ་མོ་དེ་གཉིས་སུ་ཡིན་མིན་ཤེས་ཡོད།
ཁོ་གཉིས་ནི་བོད་ལྗོངས་ཁྲེན་ཏུའུ་ཏུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་སི་ཁྲོན་འཕྲོད་བསྟེན་ནད་གསོ་ལས་རིགས་སློབ་གྲྭའི་སློབ་མ་བྱང་ཆུབ་ཆོས་སྒྲོན་དང་བྱང་ཆུབ་དབང་མོ་ཡིན་པ་རེད།
དངོས་སྦྱོང་སློབ་མ་གཉིས་ཛ་དྲག་རོགས་སྐྱོབ་ཕོ་ཉར་གྱུར་བའི་གནས་ཚུལ་དེ་ཡུད་ཙམ་ཞིག་ལ་དྲ་ཐོག་ཏུ་ཁྱབ་པ་དང་། དྲ་གྲོགས་མང་པོས་པུས་མོ་བཙུགས་ནས་གཞན་སྲོག་སྐྱོབ་པའི་བྱེད་སྟངས་དེ་ཇི་འདྲའི་ཡག་པ་ལ་ཨང་། ཁོ་གཉིས་ནི་གློ་བུར་དུ་ཐོན་པའི་སྲོག་སྐྱོབ་ཕོ་ཉ་རང་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་པ་རེད།
སྲོལ་བཟང་དང་དཔའ་མཛངས་རྟུལ་ཕོད་ཀྱི་བླ་མེད་སྙིང་སྟོབས་དར་སྤེལ་གཏང་ཆེད། ཁྲེན་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་སྨན་ཁང་གིས་སྤྱི་ཚེས་16ཉིན་དངོས་སྦྱོང་སློབ་མ་དེ་གཉིས་ལ་ཕུལ་བྱུང་མི་སྒེར་གྱི་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་འཚོགས་ནས་གཟེངས་བསྟོད་བྱས་ཤིང་། དངོས་སྦྱོང་སྐར་གྲངས་མཐོ་དམའ་གཅིག་མཚུངས་ཡིན་པའི་རྨང་གཞིའི་འོག་ཕུལ་བྱུང་དངོས་སྦྱོང་སློབ་མར་གདམ་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།