རུས་རྐང་གི་དབྱངས་རྟ། འབྲོང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དེ་ཡང་། 

དཔྱིད་ཐོག་མའི་སྟ་གོན་མ་གྲུབ་པའི་དགུན་གཞུང་ཞིག་ལ།

ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་ཁ་བའི་ཁྲོད་དུ་ལྷུང་བ་ཡིན་ཟེར།

དུས་དེ་ནས་བཟུང་། 

ལས་ཀྱི་སྨོན་ལམ་དེ་ཁ་བའི་ཁྲོད་དུ་སྨིན་སོང་ལ།

བསོད་ནམས་ཀྱི་བགོ་སྐལ་དེ་ཡང་སྤང་ཐང་གི་གཞི་རུ་མཐོར་མགོ་བརྩམས།

ངའི་ངུ་ངག་གི་དབྱངས་འགྱུར་དེས་སུ་དང་གང་གི་བློ་ཁ་བསྒུལ་མ་སོང་མོད།

དྲིན་ཨ་མའི་འཛུམ་མདངས་བཀུག་ཡོད་པ་ངས་བློ་དཔོག་བྱེད་ཐུབ།

ངས་ཨ་མའི་འཛུམ་ཆུང་གི་དྲོད་ཁོལ་ཀློང་ནས་འོད་ཀྱི་རྨི་ལམ་རྨི་དུས།

ཨ་མས་ང་ལ་འདི་ལྟར་གསུངས་མྱོང་སྟེ། 

བུ་ཆུང་ལགས།ཡར་བལྟས་ན་གངས་ཤིག་རིག་པ་གན། 

བུ་ཆུང་ཁྱོད་ཀྱི་བླ་རི་ཡིན།

ངའི་གཅེས་ལོའི་བླ་རྩ་གངས་ལས་དཀར་དགོས་ཟེར། 

མར་བལྟས་ན་ཐང་ཞིག་རིག་པ་གན། 

བུ་ཆུང་ཁྱོད་ཀྱི་ཕ་ས་ཡིན།

ངའི་གཅེས་ལོའི་བློ་ཁོག་ཐང་ལས་ཡངས་དགོས་གསུང་།

འདི་ནི།

ངའི་རུས་རྐང་ལ་ཐོག་མར་བབས་པའི་དབྱངས་རྟ་དེ་ཅི་ལ་མིན།

ཡིན་ཏེ། 

ཨ་མའི་འགྲོ་དྲུག་སེམས་ཅན་མ་རུ་སྒོམ་པའི་གསོལ་འདེབས་དེ་དག

ལས་ཀྱི་གནས་ལུགས་གསོང་བོར་བརྗོད་པའི་གནའ་གཏམ་དེ་དག་གིས།

ངའི་བློ་ཡིད་ལ་ཐོག་མའི་བྱབས་ཁྲུས་མཛད་ཅིང་མནོལ་གྲིབ་ཀྱིས་གོས་པ་མེད་པར་བྱས།

སྐབས་དེ་དག་ལ། 

ནུབ་ནས་ཤར་ལ་འཕྱོ་བའི་སྤྲིན་པ་དཀར་པོ་དེ།

དགུང་སྔོན་པོས་ང་ལ་དཀྲོལ་བའི་དབྱངས་རྟ་ཨེ་ཡིན་བསམ་མྱོང་།

ཚོམ་བུ་ཚོམ་བུར་བཞད་པའི་མེ་ཏོག་ཁྲི་འབུམ་དེ།

ས་ཆེན་པོས་ང་ལ་གྱེར་བའི་དབྱངས་རྟ་ཨེ་ཡིན་འདོད་ཡོད།

ད་དུང་ཐོལ་གྱིས་འཕུར་བའི་བྱ་བྱེའུ་ཡི་གཤོག་རླབས།

ལྷོད་ཀྱིས་ཡན་པའི་ནོར་ལུག་གི་འབའ་ངུར།

ཉི་འོད་དང་རླུང་གཞོན། 

ཁ་ཆར་དང་བུ་ཡུགའདི་དག་ཡོད་ཚད་ངའི་བླ་དང་སྲོག 

རུས་དང་རྐང་ལ་འཐིམ་པར་གྱུར་ཡོད།

ན་སོ་བཅོ་ལྔའི་གསེར་གྱི་ལང་ཚོ་སྨིན་ཡོང་དུས།

ངས་ད་གཟོད་དབྱངས་གསལ་སོ་བཞིའི་ནུ་ཞོ་ཐོག་མར་རེག་པ་ཡིན་ལ།

དུས་དེ་ནས་བཟུང་། 

ངའི་གོམ་ཁ་ཉི་མའི་ཕྱོགས་སུ་བསྒྱུར་མགོ་བརྩམས་ཞིང་།

རི་རབ་ཀྱི་ལྗིད་ཚད་དང་ཐང་ཆེན་གྱི་རྒྱ་ཁྱོན་མག་མོག་ཏུ་རྟོགས་ཡོང་དུས།

མེས་པོ་ཚོའི་དཔའ་མཛངས་ཀྱིས་བསྐྲུན་པའི་ཕ་ས་མཐོན་པོ་འདིའི།

མེས་མོ་ཚོའི་བྱམས་སེམས་ཀྱིས་བྲན་པའི་གཞིས་ཁྱིམ་དྲོན་མོ་འདིའི།

ཟབ་དོན་དང་དབུགས་རྒྱུན་ལ་སེམས་པ་གླན་དགོས་པའི།

གནས་ལུགས་དང་འགན་འཁྲི་དེ་ང་ལ་ལྷང་ལྷང་དུ་སྒྲོག་གིན་འདུག

ཉི་འོད་ཀྱི་ཀློང་ནས། 

ཆར་རླུང་གི་ཁྲོད་ནས།

གསེར་གྱི་པི་ཝང་ལྟ་བུའི། 

འོད་ཀྱི་རྒྱུད་སྐུད་ལྟ་བུའི།

སྨྲ་མི་ཤེས་པའི་ཡིག་འབྲུ་དེ་དག་ངའི་གློ་སྙིང་དུ་བབ་ཡོང་དུས།

ངས་རང་སེམས་ནས་ཅི་ཞིག་གྱེར་དགོས་པའི་ཧམ་པ་དེ།

གངས་ཀྱི་ངོས་སུ་བྲིས་མྱོང་ལ། 

གཙང་བོའི་གཞུང་དུ་བསྲིངས་མྱོང་།

ཡང་སྐབས་དེ་དག་ལ། 

ན་ཟུག་ཅིག་གིས་ང་ཡོངས་སུ་བཏུམས་སོང་།

མིག་ཆུ་ཞིག་གིས་ང་ཡོངས་སུ་བརླན་སོང་།

དེ་ནི་ངས་གངས་ཀྱི་ར་བ་འདིར་ཡིད་སངས་པའི་གླུ་ཞིག་ལེན་མ་ཐུབ་པས་ཡིན།

དེ་ནི་རིགས་ཀྱི་སྤུན་ཟླ་འདིར་མཁོ་སོད་པའི་ཀི་ཞིག་འདེབས་མ་ཐུབ་པས་ཡིན།

ཡིན་ན་ཡང་། 

ངས་ཟོས་པའི་མར་རྩམ་སྣུམ་པོ་དེས། 

ངས་འཐུང་བའི་འོ་ཞོ་མངར་མོ་དེས།

ང་ལ་འདི་ལྟ་བུའི་ན་ཟུག་ཅིག་དང་། 

མིག་ཆུ་ཞིག་བར་མེད་དུ་སྦྱིན་སོང་བ་ནི།

ངའི་བླ་ཚེ་སྲོག་གསུམ་ལ་སིམ་པའི་དབྱངས་རྟ་དེ་ཨེ་ཡིན་འདོད།

ད་ནི་མི་ལོ་ལྔ་བཅུ་ལ་སོན་སོང་། 

ཕོ་ལོ་ལྔ་བཅུའི་སྐས་རྐང་འདི་ནས།

ངས་སློབ་ཆེན་གྱི་སྒོ་ཐེམ་ལས་དབང་གིས་བཀག་པའི་ཕངས་སེམས་དང་།

གླེགས་བམ་གྱི་ཞལ་ཐག་སྒྱིད་ལུག་གིས་འཕྲོག་པའི་འགྱོད་སེམས་ཀྱི་ཀློང་ནས།

ངག་འདར་འདར་དུ། 

ལུས་ཞུམ་ཞུམ་གྱིས་གླུ་འདི་ཁྱེད་ཚོར་བླངས་ན།

ངའི་ཞེ་སེམས་ལ་འཁོར་བའི་འབོད་པ་དེ་ཡིན་ཆོག་པར་ཞུ།

ངའི་རུས་རྐང་ལ་འཁྱིལ་བའི་དབྱངས་རྟ་དེ་ཡིན་ཆོག་པར་ཞུ།

ཕ་ས་ཕ་ཡུལ། ཕ་མ་སྤུན་མཆེད། ཕུ་ནུ་མིང་སྲིང་།

དྲིན་ཆེན་དགེ་རྒན། རིགས་མཐུན་སྤུན་ཟླ། ལས་མཐུན་གྲོགས་པོ།

དེ་རིང་ངས་མི་ཟས་ཡུན་རིང་ཟོས་པའི་རིན་བབ་ཏུ་མིན་ཡང་།

ཡིད་སེམས་ཀྱི་རྒྱུད་སྐུད་དཀྲོལ་བའི་གླུ་ངག་གི་མཆོད་པ་འདི་ཁྱེད་ལ་མི་འབུལ་སུ་ལ་འབུལ།

རུས་རྐང་གི་སྡོང་རས་སྒྲོན་པའི་སྙན་ཚིག་གི་མར་མེ་འདི་ཁྱེད་ལ་མི་སྒྲོན་སུ་ལ་སྒྲོན།

རྒྱུ་མཚན་ནི། 

ཁྱེད་ཅག་ཡོད་པས་ང་དངོས་གནས་ཕྱུག་པོ་རེད།

ཨ་་་

ཁྱེད་ཅག་ཡོད་པས་ང་དངོས་གནས་ཕྱུག་པོ་ཕྱུག་པོ་རེད་ཡ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།