སྐར་ཕྲན་རེ་རེས། མིག་མི་འཛུམ་པར
ཡུན་ནས་ཡུན་དུ་ང་ལ་ཕུར་ཚུགས་སུ་ཅེར་
འདུག
དེ་ནི་ངའི་རྨི་ལམ་གྱི་འཇའ་འོད་འཚེར་བོ།
ཁྱོད་ཀྱི་མཁའ་དབྱིངས་སུ་དབང་མེད་ངང་།
ཡོངས་སུ་བཀྲ་བ་དང་ཅི་འདྲའི་མཚུངས་ཨང་།
གོ་ཐོས་སུ།
ཁྱོད་ནི་ཉི་འོད་ཀྱི་ཀློང་དུ་བསྡད་དེ།
ལྷ་ཚོགས་ཀྱི་བྱིན་རླབས་ཁྲོད་ཉལ་ཡོད་ཟེར།
དེར་བརྟེན།
ང་ཁྱོད་དང་ཉེ་བར་བཅར་མ་ཕོད།
རྒྱུ་མཚན་ནི།
ཁྱོད་འོད་ཀྱི་ཁྲུས་ལ་རོལ་ཡོད་པས།
ངའི་ཉེས་གྲིབ་ཀྱི་ཁ་རླངས་གཏོང་མ་འདོད་པས་ཡིན།
ཡིན་ན་ཡང་།
ངས་ཁྱོད་ལས་ཅི་ཞིག་ཚོར་བྱུང་།
ངས་བསྣམས་མ་མྱོང་བའི་དྲི་བསུང་གང་ཞིག
ངའི་ཤ་དང་རུས་པའི་གསེབ་ཏུ་སིམ་གྱིན་གདའ།
ངའི་སྙིང་དང་གློ་བའི་གཏིང་དུ་ཁྱབ་ཀྱིན་འདུག
དེ་ནི་ངས་ལྷ་ཚོགས་ཀྱི་ཐུགས་ཀ་ནས་བསུས་པའི།
ཚེ་གཅིག་གི་དངོས་གྲུབ་ཨེ་ཡིན་འདོད་ཡོད།
ཁྱོད་ཀྱིས་བཤད་ན།ཁྱོད་ཀྱིས་ཇོ་ཁང་གི་བསང་དུད་ཁྲོད།
སེམས་ཀྱི་མཆོད་ཆབ་དེ་ལྷ་ལ་གཏད་ནས།
ངོ་མི་ཤེས་པའི་ང་ལ་ཕུལ་ཡོད་ཟེར།
ཡིད་ཀྱི་སྨོན་ལམ་དེ་མར་མེ་རུ་སྒྲོན་ནས།
རྒྱང་རིང་གི་ང་ལ་བཏེགས་ཡོད་ཟེར།
འདི་དག་ཡོད་ཚད་བདེན་པར་སྣང་སྟེ།
ངས་རྨི་ལམ་གྱི་གཏིང་རིམ་ནས།
ཁྱོད་ཀྱི།
སྦྲང་ཆར་ལྟ་བའི།བདུད་རྩི་བཞིན་གྱི།
དྭངས་བསིལ་བསིལ་གྱི་སྙིང་གཏམ་ཐོས་བྱུང་།
ཁྱོད་ཀྱི།
སྐར་རྒྱན་བཞིན་གྱི།མུ་ཏིག་ལྟ་བའི།
གསལ་ལྷང་ལྷང་གི་མིག་ཟུང་མཐོང་བྱུང་།
ཡང་ཁྱོད་ཀྱིས་བཤད་ན།ཁྱོད་ཉིད་ཆུང་དུས་སུ།
ལྗང་ནེམ་ནེམ་གྱི་སྤང་ཐང་ནས།ཉི་འོད་དང་ལྷན་དུ།
རྟ་ཕོ་རྐྱང་དཀར་གྱི་གོམ་འགྲོས་ཀློང་ནས།
རང་སེམས་ཀྱི་གཞས་ཆུང་སྙན་མོ་དེ།
མེ་ཏོག་དང་ལུ་གུ་ལ་བླངས་མྱོང་ཟེར།
དེ་ཡང་བདེན་པར་སྣང་ན།
རྨི་ལམ་གྱི་བུ་མོ
༢༠༡༠ལོའི་མཐའ་མཇུག་གི་དུས་སྐབས་འདིར།
ཁྱོད་ཀྱི་མཆུ་སྒྲོས་འཛུམ་འཛུམ་གྱི་ངག་སྒོ་ལས།
ངའི་ཡུན་རིང་གླུ་སྐད་འཇགས་པའི་ཞིང་ཁམས་སུ།
སུ་ལའང་བླངས་མ་མྱོང་བའི་མཛའ་གཞས་དེ་ལེན་པར་གྱིས་དང་།
རོལ་དབྱངས་བཞིན་ཡུན་རིང་ལ་ཐོས་ཐུབ་ཀྱང་།
འཇའ་ཚོན་བཞིན་རེག་མི་ཐུབ་པའི་ཁྱོད།
ཟུག་གཟེར་བཞིན་ཡུན་རིང་ལ་ན་ཆོག་ཀྱང་།
གཅོང་ནད་བཞིན་དྲག་སྐྱེད་མི་ནུས་པའི་ཁྱོད།
ངའི་རྨི་ལམ་གྱི་འོད་ཁྱིམ་དུ་འཛུལ་བ་ནས་བཟུང་།
ངའི་ལང་ཚོ་ཕྱིར་ལྡོག་ཏུ་འགྲོ་བཞིན།
ཐོག་མའི་བརྩེ་དུང་གི་གནས་མལ་རྙེད་ཀྱིན་པ་འདྲ་ལ།
ཡང་སེམས་ཀྱི་ཁྲེས་པོ་ལྕི་མོ་སླར་ཡང་ཁུར་ནས།
རྐང་ཐང་གི་གོམ་རྗེས་དང་པོ་ཡང་བསྐྱར་ཕབ་དགོས་པ་འདྲ།
རྨི་ལམ་གྱི་བུ་མོ།ངའི་ཚེ་རབས་འདིར།
ངས་རྨི་ལམ་གྱི་མཐའ་སྣེ་ནས།ཡུན་རིང་ཡུན་རིང་དུ།
རང་སེམས་འབྲི་ཞོ་རུ་བསྙལ་ནས་ཁྱོད་ལ་སྒུག་ཡོད།
རྒྱུ་མཚན་ནི།ངས་ཁྱོད་ཀྱི་ཆེས་ཟབ་ས་ནས།
རང་ཉིད་གཅེར་རྗེན་དུ་ཕུད་ནས།ཕྱི་གསལ་ནང་གསལ་དུ།
འགྲེམ་སྟོན་ཐེངས་ཤིག་བྱེད་འདོད་པས་ཡིན།
རྒྱུ་མཚན་ནི།ངས་ཁྱོད་ཀྱི་ཆེས་འཇམ་ས་ནས།
གློ་སྙིང་མཆིན་གསུམ་གྱི་དྲི་མ་བཀྲུས་ནས།
དབུགས་དབྱུང་ཐེངས་ཤིག་བྱེད་འདོད་པས་ཡིན།
དེ་ནི།ཡུན་ཐུང་ཞིག་གི མིག་རྡེབ་ཡུན་ཙམ་གྱི།
སྐབས་གླགས་ལས་མེད་ཀྱང་།ང་ལ་མཚོན་ན།
ཕྱི་མའི་ལམ་རིང་བསྙེག་པའི་རྒྱགས་བྲོ་དང་ཅིས་མི་མཚུངས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།