——ཨ་ཁྱུང་གནམ་རྫོང་གི་ཇོ་དགོན་ལས་རྙེད་པའི་རྟོག་འཆར།
ནག་ཉིལ་ཉིལ་གྱི་སྐྲ་ལོ།
དྲི་བསུང་འཐུལ་བའི་འཇིག་རྟེན་ཞིག་རྨང་ནས་བསྒྱེལ།
མཛེས་སྡུག་གི་སྨིན་མ་བསྣོལ་མཚམས་ན།
ཡིད་ཆེས་དཀའ་བའི་དམ་བཅའ་ཞིག་འཁྱོག་པོར་བཀུག
བལ་སྐུད་ལྟར་ལྷོད་པའི་སྤྱོད་ལམ་དེས།
ནགས་ཚལ་སྟུག་པོ་དེ་འདྲ་ཞིག་བརྟོལ་འོང་བ་བདེན་ཡང་།
སྒོམ་ཆེན་ཚོའི་རྐང་གླིང་རིང་མོ་དེ་འཚོལ་ཕྱིར།
གངས་ཁྲོད་ནས་གངས་ཁྲོད་དུ་ཆས་འགྲོ་བ་ངོ་མ་ཡིན་ནམ།
རྦད་སེམས་ཐེངས་གཅིག་གིས་བཅད་པའི།
བྱུར་དམར་གྱི་ལན་ཚར་དེ།
སུ་ཞིག་གི་ཟུག་གཟེར་གྱི་ཕང་བར་བསྐྱུར།
ཆུ་ཟོ་ལ་ཤར་བའི་གསང་བ་ཆུང་ཆུང་དེ།
མིག་འབྲས་ནག་པོའི་དབུས་སུ་ཡིབས་པ།
ཞིབ་པར་བལྟས་ན་ཨེན་ཙམ་གསལ་མོད།
འགྲམ་ཆང་གིས་གཤེར་བའི་མདུན་སོ་ན།
ཨ་ཡིག་རང་བྱོན་དེ་དངོས་གནས་འདུག་པས།
ཡིད་མི་ཆེས་ཐབས་མེད་བྱུང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།