སྐད་ཆ་འདི་ཇི་ལྟར་བྱས་ནས་བཤད་ན་འོས་མིན་ལ་ངས་བསམ་བློ་ཅུང་ཟད་བཏང་མྱོང་། ཕལ་ཆེར་འདི་ལྟར་བཤད་ན་འཚམ་པ་འདྲ་སྟེ། དཔེ་ཞིག་གིས་བཤད་པར་བྱའོ།།
ང་རང་མེ་ཏོག་འདྲ་མིན་བཏབ་ཡོད་སའི་དོ་ར་ཞིག་ཏུ་ཐོན་ཡོད་ལ། ངས་དཀར་ཞིང་གཙང་བའི་པད་མ་ཡང་བློས་མི་ཆོད་ཅིང་། མཛེས་ཤིང་བཀྲག་པའི་ཨུག་ཆོས་ཀྱང་འདོར་བར་མི་ཕོད། མཁན་པ་སེར་པོ་སོགས་ལའང་རང་རང་གི་ཁྱད་ཆོས་རྫོགས་ཤིང་གཅིག་ཚབ་གཅིག་གིས་མི་ཉན་པའི་ཚོད་དུ་ཡོད་གཤིས། གདམ་གསེས་འདིའི་ཐོག་ནས་ང་རང་བློ་ཁ་བདེ་ཐབས་མི་འདུག་ལ། ཁོ་ཐག་ཆོད་ཐབས་ཀྱང་མི་འདུག་ཨང་།
མེ་ཏོག་འདི་དག་ལ་མི་གཤིས་ཀྱི་བྲོ་བས་གཞལ་ནའང་ཆོག་ལས་ཆེ་སྟེ། ཕལ་ཆེ་བ་ཡག་པོ་རང་དུ་འདུག་པ་ནི། ལ་ལའི་གཤིས་དང་རྒྱུ་བ་བཟང་། ལ་ལའི་གཟུགས་དང་ཁ་ངོ་མཛེས། འགའ་རེའི་སྐད་དང་ངག་སྒོས་འགུགས། སྐོར་ཞིག་གི་ཆ་བྱད་དང་རྣམ་འགྱུར་གྱིས་ཀྱང་འདྲེན་ནོ།།
ངའི་གཞི་རྩའི་ཀུན་སློང་གི་ཆ་ནས་ཞུས་ན། ཚང་མ་མེ་ཏོག་ཡིན་པ་ཁས་ལོས་ལེན་ལ། མེ་ཏོག་རེ་རེར་རང་རང་གི་ཁྱད་ཆོས་ཡོད་པའང་ཁས་ལོས་ཀྱང་ལེན། འོན་ཀྱང་ངའི་མེ་ཏོག་ཕོག་པའི་ལྷ་སྐལ་དངོས་ནི་གང་ཡིན་པ་སོགས་ལ་ད་དུང་ཡང་ཡིན་གདེང་མིན་གདེང་དེ་ཙམ་མེད་པ་ནི། ང་རང་སོ་སོ་མགོ་ཡང་བས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་གིས་ཡིན། དྲི་བ་དེ་ལ་དྲིས་ལན་ཁག་པོ་རེད་ཡ།
ངའི་ཐག་མི་ཆོད་པའི་དྲན་ཚུལ་ཕྲ་མོར་འདིར་རྐྱེན་བྱས་ཏེ་ལ་ལའི་སེམས་བསྲེགས་པ་དང་། ལ་ལའི་ཡིད་བཅད་པ། ལ་ལའི་བློ་ཕམ་དུ་བཅུག་པ་སོགས་ཡོད་ན་ནི། དེ་དང་དེར་སྙིང་ཐག་པ་ནས་དགོངས་དྭངས་ཞུ་རྒྱུ་ཡིན་ནོ།།
མེ་ཏོག་ཕལ་ཆེ་བ་ཞིག་གི་རྩད་པར་ཚེར་མ་ཡང་ཏོག་ཙམ་ཡོད་པས། སྤྱིར་བཏང་མེ་ཏོག་རེ་རེའི་ཕྱིར་དུའང་ལག་པ་རྨས་ཏེ་ཁྲག་དམར་ཡང་བརྡོལ་ཡོང་མོད། ངས་དེ་ཚབས་ཆེན་རེད་ཅེས་འོ་དོད་ནི་བཏོན་མྱོང་མེད་དོ།།
དྲང་མོར་བཤད་ན། མཐོང་མྱོང་བའི་མེ་ཏོག་འདི་དག་ཙམ་དུ་མ་ཟད། རྨི་ལམ་ནང་གི་མེ་ཏོག་ཚུན་ཆད་ཀྱང་འགལ་མེད་དུ་སྐྱོང་ཞིང་ཁྱབ་མཉམ་དུ་གསོ་བའི་ཀུན་སློང་རྒྱ་ཆེན་པོ་ཞིག་ཕྲན་ལ་ཏན་ཏན་མཆིས་ནའང་། ནམ་ཟླའི་དབང་གིས་དང་། ས་ཆུའི་རྐྱེན་གྱིས་དང་། གཞན་ཅི་རིགས་པའི་སྟབས་ཀྱིས་དེ་འདྲའི་བསམ་པ་ཡོད་ནའང་དེ་འདྲའི་ནུས་པ་ཞིག་དངོས་གནས་ཡོད་ཐབས་བྲལ་སོང་།
དུས་གཅིག་ལ་མེ་ཏོག་དུ་མ་ལྷན་དུ་གསོ་བ་འདི་རང་ཆེས་དཀའ་མོ་ཞིག་རེད་ཨང་།
འདིའི་ལོ་མ་སྐྱོབ་པའི་ཞོར་ལ་དེའི་ཡལ་གར་ཕོག་ཐུག་ཤོར་བ་ལྟ་བུ་དང་། འདི་ལ་ཆུ་བཏང་བའི་རིང་ལ་གཞན་དེ་སྐམ་པོར་གྱུར་པ་ལྟ་བུའི་གོ་འཛོལ་དང་འཐུས་ཤོར་སྣ་ཚོགས་བྱུང་ཞིང་འབྱུང་བས། མེ་ཏོག་སྐྱོང་བ་འདི་ལས་སླ་མོ་ཞིག་གཏན་ནས་མ་རེད་ཨང་།
ཛ་ཕོག་གི་མེ་ཏོག་གམ་ཚེར་མའི་མེ་ཏོག་ལ་བལྟས་དྲགས་པ་ལས་ངའི་མིག་ཤེད་རྒྱས་སོང་ལ། བ་དམ་གྱི་ལོ་མ་ཇ་རུ་སྤྱད་པས་ངའི་གཉིད་ཡུལ་བདེ་སོང་། དྲིན་ཆེ་བའི་མེ་ཏོག་འདི་གཉིས་ཁོ་ནའི་དབང་དུ་བྱས་ནའང་། ང་ལ་གཙོ་ཕལ་གྱི་གོ་རྟོགས་གསལ་པོ་ཞིག་ཁྱོན་ནས་མི་འདུག་ཨང་།
གཏམ་པད་མའི་ཚལ་གྱི་ཟློས་གར་ལས་ནི། ཆོས་ཀྱི་རིམ་པ་ཞིག་མཚོན་པར་བྱེད་ལ། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལས་ཀྱང་སྐབས་བབ་ཀྱི་བྱ་བ་ཞིག་སྟོན་པར་བྱེད། དཔེ་དེ་བཞིན་དུ། གུས་པོས་ཀྱང་མེ་ཏོག་གི་མདོ་ཞེས་པའི་ཚིག་ལྷུག་གི་གབ་ཙེ་འདི་འདྲ་མ་ཞིག་བསྐོར་ཏེ། རབ་རིབ་ཀྱི་ཉིས་སྒོ་ཞིག་གམ་མག་མོག་གི་དྲུག་གཤིབ་ཅིག ཡང་ན་ནི། སེམས་ཀྱི་སྙི་ས་གཉོམ་ས་ཞིག་ལ་ཐུག་ཙམ་བྱེད་དོ།།
༢༠༢༠ ༩ ༣༠
རྨ་ཡོད་པ་དང་རྨ་མེད་པའི་སྐོར།
ཆུང་དུ་བྱས་ན་བསམ་པ་བཟང་པོ་དང་ཆེ་རུ་བྱས་ན་བྱང་ཆུབ་ཀྱི་སེམས་ཞེས་པ་དེ། རྙེད་དུའང་དཀའ་ཞིང་རྙེད་ན་དོན་དང་ལྡན་པར་བདག་ཀྱང་ཅུང་ཟད་ཁས་འཆེས་སོ།།
སངས་རྒྱས་ཞེས་པའང་མཐར་གཏུགས་ན་ནང་གི་ཁྱད་པར་རྨ་མེད་པ་དེ་དག་གིས་འཚེངས་པར་གྱུར་པ་ལས། ཕྱིའི་གོ་ཆ་དང་མདའ་གཞུ་སོགས་ལ་འབྲེལ་བ་ཅི་དང་གང་ཡང་མེད་པ་འདྲའོ།།
དྲི་མེད་ཀུན་ལྡན་སོགས་ཀྱང་དེ་འབའ་ཞིག་གིས་དགེ་ལེགས་སུ་བྱས་པ་ལས། ཁྲོ་གཉེར་འབར་བའི་དཔུང་ཚོགས་དང་རྣོ་འོད་ཆེམ་ཆེམ་གྱི་རལ་གྲིའི་ངར་ལ་བརྟེན་པ་ཅང་མ་ལགས་སོ།།
གོ་སླ་བ་ཞིག་གིས་བཤད་ན། ཐང་སིན་བླ་མ་ལ་དྲེགས་རྩལ་དང་རྫུ་འཕྲུལ་དང་མངོན་ཤེས་སོགས་ཅི་ཡང་མེད་ཁར། ཁོས་མཚམས་རེར་གོ་བ་ལོག་སྒྲུབ་ཀྱང་བྱས་ཡོང་མོད། ལྷ་འདྲེ་ཐམས་ཅད་ཐང་སིན་ཁོ་ནའི་ཆེད་དུ་བྲེལ་ཞིང་འདུར་བ་ནི། ཁོའི་བསམ་པ་བཟང་པོའམ་བྱང་ཆུབ་ཀྱི་སེམས་ཞེས་པར“འབྲེལ་བ་ངེས་ཅན”ཞིག་ཡོད་པ་མ་རེད་དམ།
མཐུ་དང་ནུས་པ། སྟོབས་དང་མཁྱེན་པ་སོགས་ལ་ཐོགས་པ་མི་མངའ་བའི་སིན་ཝུའུ་ཁུང་གིས་ཀྱང་ཧ་ལམ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཐང་སིན་ལ་ཞབས་གཡོག་བྱ་དགོས་པ་དང་། ལྷ་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཀྱང་ཐང་སིན་གྱི་མིང་ཐོས་པ་ཙམ་གྱིས་ཡང་ཡང་ངོ་སོ་སྟེར་ཞིང་། བཅོམ་ལྡན་འདས་དང་སྤྱན་རས་གཟིགས་སོགས་ཀྱང་ཐང་སིན་ཞེས་པའི་དགེ་སློང་བབ་ཆགས་དེའི་སྟེང་ལ་ཐུགས་ཤོར་བར་ཚད་ཅིག་མེད་པ་སོགས་ཀྱང་། མཐར་གཏུགས་ན། ཐང་སིན་གྱི་ཆུང་ཙམ་བྱས་ན་བསམ་པ་བཟང་པོ་དང་ཆེ་ཙམ་བྱས་ན་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་རྐྱང་རྐྱང་གི་ཕྱིར་དུ་མ་ཡིན་ནམ།
ནང་གི་གཉོམ་ཆ་དང་བྱང་ཚད་ཐུན་མོང་མ་ཡིན་པ་དེར་བརྟེན་ནས་ཐང་སིན་གྱི་ཕྱིའི་རྣམ་འགྱུར་དང་བྱ་བྱེད་ཚང་མའང་འཐད་ཅིང་ཤིས་པ། དྭངས་ཤིང་གཤིན་པ། མཐུན་ཞིང་འདྲེན་པའི་ཡང་རྩེ་ཞིག་ལ་ལྷུན་གྱིས་ཆགས་ཡོད་པ་རེད་ཨང་།
ཐང་སིན་གྱི་ཤ་ཟོས་ན་འཆི་མེད་ཀྱི་གྲུབ་པ་འཐོབ་ཡོང་ཞེས་པ་དེ་ཡང་བསམ་པ་བཟང་པོའམ་བྱང་ཆུབ་སེམས་ཀྱི་རྩ་ཆེ་ལུགས་སམ་བསྟོད་ལུགས་གཞན་ཞིག་ཏུ་བྱས་ན། ཅི་བས་ཀྱང་འདྲ་ཆགས་ཤིང་དེ་བས་ཀྱང་རྣ་བར་འབབ་པར་མི་འགྱུར་གྲང་།
༢༠༢༠ ༡༠ ༤
“ཐད་གཏོང" བཟང་ཕྱོགས་སུ་འཁྲིད་པའི་སྐྱ་ཐིག
ཞིབ་ཏུ་བརྟགས་ན། “ཐད་གཏོང”ཞེས་པ་འདི་དར་ནས་ཅུང་ཡུན་རིང་སོང་འདུག་སྟེ། གསར་འགྱུར་ཐད་བཤད་བྱེད་པའང་འདིའི་རིགས་སུ་གཏོགས་ལ། བྱུང་སྔ་ཚོད་རེད།
ཐད་གཏོང་བྱེད་སའི་བརྒྱུད་ལམ་མམAPPམ་འདྲ་བ་ཙམ་ལས། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་ཀྱང་ཐད་གཏོང་མང་པོ་བྱས་སོང་། རྒྱའི་ཆེ་རྒུའི་གྲས་སུ་སླེབས་པ་སྐོར་ཞིག་གིས་ཀྱང་ཐད་གཏོང་བྱས་དང་བྱེད་ཀྱིན་འདུག
མི་འདྲ་ས་ནི་ཁོང་ཚོས་ལྟ་མཁན་གྱི་གྲངས་ཀར་དེ་ཙམ་མི་དམིགས་ཤིང་། འཁྲབ་སྟོན་གྱི་ཆ་ཉུང་བའམ། བློ་ལ་མི་འབབ་ཅིང་རྣ་ལ་མི་འགྲོ་བའི་འཁྲབ་སྟོན་གྱི་སྐོར་སྤོང་ཅི་ཐུབ་བྱེད་པ་དེའོ།།
ཐད་གཏོང་ཞེས་པ་འདི་སྒྲ་དང་འབྱར་ནས་ཀྱང་ཡོང་མོད། གཙོ་བོར་བརྙན་དང་འབྱར་ཏེ་དར་དྲགས་པ་ཞིག་བྱུང་། འདི་ནི་དྲྭ་བའི་རིག་པ་དར་ཚུན་གྱི་འཕེལ་རླབས་གསར་བ་ཞིག་ཀྱང་ཡིན་པས་འདི་རང་མི་སྤྱོད་པ་ནི་ཟམ་ཡོད་བཞིན་དུའང་ཆུ་ནང་བརྒལ་ནས་འགྲོ་བ་དང་མཚུངས་ཤིང་། འདི་ལོག་པར་སྤྱོད་པ་ནི་སྨྱོ་རྟགས་དང་། འདི་ལེགས་པོར་སྤྱོད་པ་ནི་རྟོགས་སད་དང་། འདི་དུས་ཚོད་འོས་ཤིང་འཚམས་པར་སྤྱོད་པ་ནི་གདེང་ཚོད་དང་། འདི་དུས་མཚམས་མེད་པར་སྤྱོད་པ་ནི་ལན་ཆགས་སོ།།
ཆོས་པ་ཡག་མོ་འགའ་རེས་ཆོས་ཀྱང་ཐད་གཏོང་གི་ལམ་ནས་གསུང་གི་ཡོད་ལ། དེ་གསུང་ཡང་ལོས་གསུང་སྟེ། ཐག་རིང་ཐག་ཉེ་ཡི་ཧེ་བག་མེད་ཅིང་། ཞལ་མཇལ་གསུང་ཐོས་དྲི་བ་དྲིས་ལན་སོགས་མཉམ་དུ་ཡོང་བས་སོ།། དེ་ལྟར་གསུངས་པ་གང་ཞིག་ཡུལ་གྱིས་མ་བཀག་ཁར། ཁ་སང་གསུངས་པར་དེ་རིང་ཡང་ཉན་ཐུབ་ཙང་དུས་ཀྱིས་ཀྱང་གནོད་པ་མེད་པས་སོ།། དེས་ན། བེད་སྤྱོད་ཀྱི་རིན་ཐང་ཡོད་བཞིན་དུའང་བེད་སྤྱོད་མི་གཏོང་བ་ནི་འཐུས་ཤོར་རོ།།
ངས<<མི་ཀོ་དམར་པོའི་འབྲེང་ལྕག>>ཅེས་པའི་དེབ་ནང་དུ“ཐད་གཏོང་གི་རྣམ་གཞག་དཔལ་དུས་ཀྱི་འཁོར་ལོ”ཞེས་པ་ཞིག་བྲིས་ཡོད། དེ་ལ་ནང་དོན་མང་པོ་མཆིས་མོད། བསྡུས་ཙམ་འགྲེལ་ན་འདི་ལྟ་སྟེ། ཐད་གཏོང་ལ་བརྩམས་ཟིན་པའམ་བསྒྲིགས་ཟིན་པ་ཞིག་ཤར་ཤར་བཤད་པས་མི་ཆོག་པས་ན། སྐབས་ཐོག་སྐབས་ཐོག་གི་བློ་རིག་ཅིག་ཀྱང་མེད་ཐབས་མེད་པ་དང་། དེའི་ཚོད་ཀྱི“表达能力”ཤིག་ཀྱང་ངེས་པར་དགོས་ཏེ། མེད་ན་ནི་སོ་ལུག་པ། གནད་དུ་མི་འཁེལ་བ། འུར་རྒྱག་པ་སོགས་ཀྱི་མཐའ་ལ་ལྟུང་བར་འགྱུར་རོ།། དེ་བས་དབུས་སྐད་ལྟར་བཤད་ན་ཐད་གཏོང་ནི“ལྕེ་སྦྱོང”ཡང་ངོ་།།
ཐད་གཏོང་དུ་སྤྱོ་བ་དང་གཤེ་བ། མཚང་འདྲུ་བ་སོགས་ཀྱང་ཡོང་མི་སྲིད་པ་མིན་པས། དེ་དག་ལ་ལན་མི་འདེབས་པའམ་ཇི་ལྟར་འདེབས་པ་སོགས་ཀྱང་གློ་བུར་གློ་བུར་དུ་ཐག་གཅོད་དགོས་པས། དེའི་ཚོད་ཀྱི“心理素质”ཞིག་ཀྱང་མེད་ཐབས་མེད་པས། ཐད་གཏོང་ནི“བློ་སྦྱོང”ཡང་ངོ་།།
ཐད་གཏོང་ལས་བརྩེ་བ་དང་འགྲོགས་པའི་འཁང་ར་ལེ་བདའ་སོགས་ངེས་པར་དུ་དང་ལེན་བྱེད་དགོས་མོད། དགྲ་ཕྱོགས་ལ་གཅོད་ཤ་སྟག་གི་གྲས་ནི་ནག་དོང་དུ་འདེད་པ་དང་གསུབ་པར་བྱ་དགོས་པས། དེ་ལ་ལག་མྱུར་ཞིག་ཀྱང་དགོས་ཚོད་རེད།
ཅིའི་ཕྱིར་ཞེ་ན། སོ་སོའི་ཉི་མ་རེ་རེ་བདེ་ཐང་དང་སྤྲོ་སྣང་གིས་སྐྱེལ་རྒྱུ་ནི། མི་ཚེའི་འཕྲོད་བསྟེན་ཆེ་ཤོས་དེའོ།། དེ་ཙམ་ཡང་དོན་ཐོག་ཏུ་འཁྱོལ་མ་ནུས་ཚེ་ཐད་གཏོང་ཕར་བེད་སྤྱོད་པའི་ཚབ་ཏུ་ཐད་གཏོང་གིས་ཚུར་བེད་སྤྱོད་པའི་ཚད་དུ་འགྲོ་བའོ།། དེ་བས་ཐད་གཏོང་གི་བར་ཁྱམས་གང་ཞིག་འཁོན་འགྲས་བྱེད་སའམ་འཐབ་རྩོད་བྱེད་ས་ཞིག་ཏུ་གཏོང་འོས་པ་མིན་ནོ།།
ངས་སྔོན་མ་སྐད་ཆ་འདི་འདྲ་ཞིག་ཀྱང་བཤད་མྱོང་སྟེ། སྐད་འཕྲིན་ལ་གྲོགས་པོའི་ཚོམས་མ་གཏོགས་དགྲ་བོའི་ཚོམས་ཟེར་བ་ཞིག་མི་འདུག དེ་བས་ངའི་སྐད་འཕྲིན་དུ་ཡོད་པ་དག་ངའི་གྲོགས་པོ་ཡིན་དགོས་པ་རེད། གྲོགས་པོ་ཡིན་ན་དགྲ་བོའི་ཚོད་དུ་འགྲེང་གི་མ་རེད། ཕན་ཚུན་དགྲ་ཕྱོགས་ལའང་གཅོད་གི་མ་རེད་ཅེས་པའོ།།
ད་ཚོད་བསམས་ན་ནི། སྐད་འཕྲིན་ལ་དགྲ་བོའི་ཚོམས་མེད་ཤག་ཤག་ཟེར་ནའང་མི་འགྲིག་སྟེ། ནག་དོང་ནི་དེ་ཡིན་དགོས་པ་འདྲ། དེ་བས་ངས་མི་སུ་ཡང་དོན་མེད་དུ་ནག་གསུབ་ལ་གཏོང་མི་སྲིད་དོ།།
སྐད་འཕྲིན་སྤྱོད་པ་དང་ཐད་གཏོང་སྤྱོད་པའི་བར་ན་ཧེ་བག་ཆེན་པོ་མེད་པར་ཟད། དེ་གཉིས་ཀའང་སེམས་པ་མི་སྐྱིད་པར་གཏོང་བྱེད་ཅིག་ཡིན་ན་དགག་བྱ་དང། སྣང་བ་སྐྱིད་པོར་གཏོང་བྱེད་ཅིག་ཡིན་ན་འགྲིག་བསྡད་ཡོད་པ་རེད། ཐད་གཏོང་སོགས་ལ་བརྟེན་ནས་སོ་སོའི་ཚོར་བའི་མགོ་གནོན་ཐུབ་པ། ཁོག་རྒྱ་ཡངས་སུ་རྐྱོང་ནུས་པ། སྙན་མི་སྙན་ཙམ་གྱིས་གླགས་འཁེལ་མི་ཐུབ་པ་ཞིག་ལ་བསྐྱོད་ཤེས་བྱས་ནའང་ཆོག་དང་ཆོག་གི་རེད། དེ་ལ་གུ་ཡངས་དང་བློ་གཤོགས་སོགས་ཀྱིས་བསྔག་པར་བྱའོ།།
ཐད་གཏོང་བྱེད་སར་ཡི་གེ་ཤེས་མཁན་ལས་མི་ཤེས་མཁན་ཅུང་ཟད་མང་བས། ཡི་གེ་ཤེས་མཁན་དག་ཐད་གཏོང་དུ་ཞུགས་ཏེ་ཁྲིམས་ལུགས་ཤེས་བྱ་ངོ་སྤྲོད། ཟས་སྤྱོད་ཀྱི་ཕན་གནོད་ཤན་འབྱེད། གཏམ་དཔེ་སོགས་ཀྱི་དག་ཆ་ར་སྤྲོད་གཏོང་བའང་ཧ་ཅང་གཅེས་ཏེ། འདི་ལ“ཐད་གཏོང་སྤྱི་ཕན་ཅན་དུ་གཏོང་བ”ཞེས་ཀྱང་འབོད་ཨེ་རིགས་སྙམ་མོ།།
རྒྱ་སྐད་ཀྱིས་ཐད་གཏོང་བྱེད་ས་དག་ཏུ། སློབ་ཁྲིད་དང་གཏམ་བཤད། དྲི་བ་དྲིས་ལན་ཡག་པོ་ཅི་བས་མང་། བོད་སྐད་ཀྱི་ཐད་གཏོང་ལའང་སྔར་དང་བསྡུར་ན་འགྱུར་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པས། མི་རིང་བར་ཅུང་ཚད་ལྡན་ཅན་དང་ཅུང་སྤུས་གཙང་ཅན་དུ་འགྲོ་ངེས་པའི་ཡོད་ཆེས་ཡོད་དོ།།
ད་ཚོད་ཚོང་ལས་སོགས་དྲྭ་ལམ་དུ་གནས་སྤར་དང་སྤོར་བཞིན་མཆིས་པས། ཐད་གཏོང་ལ་བརྟེན་ནས་ཚུལ་མཐུན་གྱི་ཚོང་གཉེར་བྱེད་པའང་ཧ་ཅང་རྒྱུན་ལྡན་ནོ།། འབུམ་རམས་པ་བོང་རྫིས་ཀྱང་དྲྭ་ཚོང་ཞིག་གཉེར་མྱོང་བའི་སྐོར་ངས་གོ་མྱོང་ངོ་།།
གང་ལྟར། ཐད་གཏོང་ཞེས་པ་གདོལ་བའི་ཁྱིམ་ལྟར་མར་ཞབས་སུ་གཅོད་པ་ནི་གནས་མིན་ཏེ། སྔར་གདོལ་རིགས་ལ་ངན་འཛེམ་ཐལ་དྲགས་པ་བྱེད་པའི་དུས་སུ། སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཐོག་མར་གདོལ་ཁྱིམ་དུ་ཕེབས་ཏེ་གསོལ་ཇ་བཞེས་པ་རེད། དེས་སངས་རྒྱས་ལ་ཅི་ཡང་མ་གནོད་ཅིང་། གདོལ་རིགས་ལ་ཤིན་ཏུ་ཕན་པོ་བྱུང་བ་རེད།
ཐད་གཏོང་གི་ཟླ་བ་སྐབས་རེར་རྣམ་འགྱུར་དང་ཉམས་འགྱུར་ཙམ་གྱིས་ཀྱང་ཚེས་སྲིད་པས། ཐད་གཏོང་ནང་ངེས་པར་དུ་ཅི་ཞིག་བཤད་དགོས་པའང་མ་རེད། ཐད་གཏོང་གི་མེ་ཏོག་ལན་རེར་དགུན་དུས་སུའང་བཞད་སྲིད་པས། ཐད་གཏོང་ལ་དབྱར་དགུན་གྱི་རྣམ་གཞག་ཀྱང་ཆེན་པོ་ཡོད་པ་མ་རེད། མིག་གི་ལྟ་སྟངས་ཙམ་མམ། ལག་བརྡ་དང་ཁ་ཤུ་ཙམ་གྱིས་ཀྱང་བདེ་སྣང་ཟད་མི་ཤེས་པ་སྟེར་བའི་དུས་ཡོད་པས། ཐད་གཏོང་ནི་བསྡུས་བརྗོད་ཀྱི་འཇིག་རྟེན་གཞན་པ་ཞིག་ཀྱང་ཅིས་མ་ཡིན།
ཐད་གཏོང་ནས་བབས་ཆགས་ཀྱང་མཐོང་ལ། རྒྱས་སྤྲོས་ཀྱང་རིག་ཨང་། དེ་བས་ཐད་གཏོང་ལ་གོམས་པར་བྱས་ཚེ་ངེས་ཤེས་དུ་མ་ཡང་འབྱོར་ཡོང་ལས་ཆེའོ།།
ཐད་གཏོང་ལས་བོར་ཟིན་པའི་འབྲེལ་ལམ་ཡང་བསྐྱར་རྙེད་པ་དང་། འགལ་ཟིན་པའི་རྨ་ཁ་ཡང་བསྐྱར་གསོ་བ་སོགས་ཀྱི་ལྟད་མོ་ཡང་དུས་ལྟར་དུའམ་དུས་ལས་ཡོལ་བའི་ཚུལ་དུ་འབྱུང་སྲིད་པས། ཐད་གཏོང་ལ“སྲིད་པ”ཞེས་པའི་མིང་དེ་ཡང་བསྐྱར་བོས་ཀྱང་མི་ཆོག་པ་མེད་པ་འདྲ། ལས་བྲེལ་གྱི་དབང་གིས་ངས་ཐད་གཏོང་མང་པོ་བྱེད་ཐུབ་མ་སོང་མོད། འཆར་སྒོའི་དབང་གིས་ང་རང་ཐད་གཏོང་ལ་དགག་པ་རྒྱག་མཁན་ཞིག་ཏུ་ཆགས་མྱོང་མེད་དོ།།
༢༠༢༠ ༩ ༡༤
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།