བསམ་གཞིག འཇུ་སྐལ་བཟང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

བསམ་གཞིག་གི་མགོ་བོ།

ནམ་མཁའ་ནས་དཔྱངས་པས།

བྱིས་པའི་གཏན་ཚིགས་སིལ་བུར་འཐོར།

འཇིག་རྟེན་བླ་འོག་བརྗེ་བར་མ་ནུས་ཀྱང་།

རང་ལུས་མགོ་རྟིང་སློག་ན་ཅིས་མི་ཆོག

ཆགས་ཐོགས་མེད་པའི་རྟོག་པ་ཁོ་ནས།

ལྐོག་གྱུར་གྱི་གདོང་ཤུན་བཤུ་ནུས་ཤིང་།

མངོན་སུམ་གྱི་བྲང་ཁོག་གཤག་ཕོད།

བསེར་བུས་བདས་པའི་ཤིང་ལོ་འཁྱམ་པོ་དག་གིས།

ས་གཞིའི་ཚེ་སྲོག་ལ་རྫོགས་ཚིག་འགོད་པ་དེར།

འབྲས་ལྡན་དུས་ཞེས་ཅི་ལ་འབོད།

དཔྱིད་ཀྱི་དཔལ་མོའམ་དེ་ཡང་།

ལང་ཚོས་རྒྱགས་པའི་སློང་མོ་བ་ཁོ་ན་སྟེ།

སྤྲོ་ཉམས་མཚར་པོ་ཞིག་འདུག་ཀྱང་།

ལག་པ་སྟོང་བ་ཉིད།

ཉིན་མོར་བྱེད་པས་ཀྱང་།

སྐྱ་རེངས་མོག་པོ་དེ་ཕར་ལ་བསྐྲད་མཐར།

མུན་ནག་གི་མཚན་མོ་རིང་བོ་རེ།

ཚུར་ལ་དྲུད་དེ་འོངས་པས་ན།

ད་ནི་འོད་སྣང་གི་བསླུ་བྲིད་ལའང་ཡིད་ཆེས་བྲལ་སོང་།

སྦྲང་མའི་ཤུལ་ན།

བརྩོན་འགྲུས་འབའ་ཞིག་ལས་ཅི་ཞིག་སྣང་།

ད་ལྟ་བསམས་ན།

ཁྭ་ཏ་རོག་པོའི་བྱ་སྐད་གཟན་པོ་དེས་ནི།

འདི་སྣང་གི་རང་གཤིས་ངོ་མ།

གྱེར་འདོན་བྱེད་པ་ཡིན་འདུག

ལར་སྐྱེ་བ་ཡོད་ཚད་འཆི་བའི་སྡོང་རྩ་ནས་གྲིབ་བསིལ་བསྟེན་ཅིང་།

དར་བ་ཡོད་ཚད་རྒུད་པའི་བྲག་སྐྱིབས་ན་རྐང་མལ་གསོ།

ཨ་ཁ།

ཡང་ན་མེ་ལོང་འགྱུར་འདུག

ཡང་ན་བཞིན་རས་འགྱུར་སོང་།

ལྕགས་དྲའི་ཁང་མིག་གཅིག་ཏུ།

རྒྱ་སྟག་དམར་བོས་་བགྲོད་མི་ཚར་བའི་རྒྱལ་ཁམས་ཤིག་ཤོང་ལ།

མུ་མཐའ་བྲལ་བའི་འཇིག་རྟེན་ན།

སྦྲང་ནག་ཆུང་ངུ་གར་སོང་ས་རུ་གདོང་ཐུག་རྒྱག

མིའུ་ཐུང་གཅིག་གི་སོར་རྩེ་ཡིས།

ཡངས་པའི་ས་ཆེན་འདེགས་ནུས་ཤིང་།

རྡུལ་ཕྲན་གཅིག་གི་དཀྱིལ་འཁོར་ན།

ཙུ་ཏ་པ་ཡི་འཇིག་རྟེན་རེ།

ཡ་གིའི་ཞིང་ཁམས་ན་མིག་ཆུ་མེད་པར་བློ་མི་གཏོད་ལ།

མ་གིའི་དམྱལ་ཁམས་ན་གླུ་སྒྲ་མེད་པར་ཡིད་མི་ཆེས།

འདི་ན་ཕོ་ཚོད་ཀྱིས་བཟོས་པའི་རྣམ་གཞག་འགའ་ཞིག

མུན་པ་ནག་པོ་ཚལ་བར་གཤགས་པའི་ཤམ་བུ་བཞིན།

མཚན་མོའི་རླུང་གིས་ག་སར་བསྐྱོད།

ཨ་ཁ་ཁ།

ཡང་ན་མེ་ལོང་འགྱུར་འདུག

ཡང་ན་བཞིན་རས་འགྱུར་སོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།