མཚན་མོ་ནི་ཤེས་རབ་ཀྱི་འཇིག་རྟེན་ཞིག་རེད
མཚན་མོའི་ཁམས་ཡངས་པོར་སྲིད་ཞུའི་ཆོས་ཀུན་ཤོང
མཚན་མོའི་འཇིག་རྟེན་ལ་འོད་ཟེར་འཁྱུག་ཐེངས་རེ་རེར
སྨྲ་བརྗོད་ལས་འདས་པའི་བདེ་བ་ཆེན་པོའི་མཚོ་མོ་འཁྱིལ་འོང
དྲན་ཤེས་རྙི་ལས་ཤོར་ཚེ་སྟོང་འདང་གི་མཁའ་ལ་འཕུར་འགྲོ
མཚན་མོའི་ལྷིང་འཇགས་ཀྱི་ངོས་སུ་རང་དབང་ངང་འཕུར་དུས
མུན་ནག་ཁམས་ལའང་འོད་ཀྱི་བཀྲག་མདངས་འཚེར་འོང
མཚན་མོའི་མཁའ་དབྱིངས་སུ་སེམས་ཚོར་གྱི་སྨྱུག་ཁ་བརྡོལ་ཚེ
འཚོ་བའི་རིས་ཀྱིས་ཡུལ་དུས་གཏོར་ནས་ཚོན་མདོག་སྣ་ལྔ་བཞུར་འོང
མཚན་མོ་ནི་བདེ་སྐྱིད་ཀྱིས་བཞེངས་པའི་སྒྱུ་རྩལ་གྱི་ཕོ་བྲང་ཞིག་རེད
དོ་དགོང་གི་མཚན་མོར་བཅུ་དྲུག་རྫོགས་པའི་ཟླ་འོད་བཞུར
གྲང་ངར་འཕེལ་བའི་དགུན་གཞུང་གི་མཚན་མོ་འདིར
འབྲོག་ཐང་ན་དྭངས་གཙང་ཤེལ་གྱི་མཁའ་དབུགས་ལྷང་ངེར་འཚེར
ཡུལ་མི་རྣམས་ཀྱིས་མཚན་མོ་གོས་སུ་གྱོན་ནས་གཉིད་དུ་ཡུར
གཞོན་ནུ་ལ་ལས་ཟླ་འོད་སྒྲོན་མེར་བཏེགས་ཏེ་མཛའ་མོ་སྙེག
སྒོ་ཁྱི་བཙན་པོས་ལྕགས་ཐག་རིང་བོ་དྲུད་དེ་ངར་སྐད་སྒྲོག
ཆུང་དུས མཚན་མོའི་སྨག་རུམ་གྱི་འོབས་སུ་ལྷུང་བར་ཞེད
ད་ནི་ཉིན་དཀར་ལ་སྨག་ནག་བྱུགས་པའི་ལག་པ་དེ་ལ་ཞེད
རང་ཉིད་ཀྱི་གྲིབ་མས་ཉི་འོད་ལ་ལྐོག་ཇུས་འཐེན་པར་དེ་བས་ཞེད
མཚན་མོའི་ངོས་སུ་འདས་པའི་ལྷ་སྒྲུང་བཞེངས་ཆོག་ལ
མ་འོངས་པའི་འཆི་བདག་དང་ཞེད་སྣང་ཡང་བྲིས་ཆོག
མཚན་མོའི་སྨྲ་སྒོ་ནས་དུས་གསུམ་གྱི་གསང་བ་ཕྱི་རུ་བཞུར་མི་སྲིད
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།