ས་སྲོད་ཀྱི་བསེར་བུ་འཇམ་པོས་གསང་སྟབས་ཀྱིས་ང་རང་སྦྲན།
ལྗིད་ཏིག་ཏིག་གི་གོམ་པས་སྔོ་ལྗང་གི་རྩྭ་ལོ་འཐུ་བཞིན།
གཙང་བོའི་འགྲམ་ངོགས་བསྙེགས།
འཇམ་ཐིང་ཐིང་གི་ཁོར་ཡུག་དེ་ནས།
བསེར་བུ་སྐྱོ་གྲོགས་སུ་བོས་ཤིང་།
ཟླ་བ་དྲན་ཤིང་དུ་བཀུགས།
རེ་སྒུག་དང་དྲན་གདུང་གི་སེམས་བྱུང་གིས།
རབ་རིབ་ཀྱི་གཏམ་རྒྱུད་མིག་ལམ་དུ་དེད།
ཁྱེད་ཀྱི་འཛུམ་མདངས་མིག་ལམ་དུ་མངོན་ཞིང་།
ཁྱེད་ཀྱི་སྙིང་གཏམ་རྣ་ལམ་དུ་གྲགས།
རྩྭ་འཇམ་གྱི་ཤུགས་གླུ་རླབས་སྒྲར་འགྲོགས་ཤིང་།
མེ་ཏོག་གི་འཁྲེང་སེམས་བཞུར་རྒྱན་ལ་བསྟིམས།
དལ་འཇགས་སར་ཡོད་པའི་སེམས་པའང་རླབས་རྩེ་ན་འཕྱོ།
ཁེར་རྐྱང་གི་ཟླ་བ་ལགས། བདག་གི་གྲོགས།
ཁྱེད་རང་ཡང་དལ་ཅག་གེར་ནུབ་ཕྱོགས་སུ་བཞུད་དོན་ཅི།
1991ལོར་བྲིས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།