སྦྲ་ནང་གི་ཉིན་ཞག འཇུ་སྐལ་བཟང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩྭ་ཐང་གི་ལྭ་བ་ཕྱི་ནང་ཡང་ཡང་བརྗེས། 

ཡ་གི་སྡེ་བའི་གྲུབ་ཐོབ་དང་མ་གི་ཚོ་བའི་མཁའ་འགྲོ་མའི།  

ཡ་མཚན་པའི་གཏམ་རྒྱུད་ལའང༌།  

དུད་རྡུལ་སེར་བོ་ཞིག་རིམ་གིས་བབ། 

ཨ་ཕྱིའི་ལག་འཁོར་ཆུ་ངུ་དེ་ནི། 

ཚད་ཐུང་བའི་རྩྭ་ཐང་གི་ལོ་ཟླ་སྟེ། 

ཇེ་མགྱོགས་ཇེ་དལ་དུའང་མ་སོང་བར། 

རང་ས་ན་སྐྱར་སྐོར་བྱེད།  

དགེ་ལེགས་དང་དཔལ་མོའི་སྐོར་གྱི་ཁ་བརྡ་དེ། 

ལོ་དུ་མ་ཞིག་བརྒྱུད་མཐར། 

དཔལ་མགོན་དང་དྷུ་བྷེའི་སྐོར་ལ་གྱུར་འདུག་པ། 

ཉི་ཐིག་དེད་ནས་སྦྲ་ངོར་འཛེགས། 

བཙའ་ཆགས་པའི་བྱིས་སྒྲུང་སྐོར་ཞིག 

ཨ་མྱེའི་སྨྲ་ར་གཟེང་བའི་གསེབ་ནས་ལངས་ཏེ། 

མར་མེ་ཆུང་ངུའི་ངོགས་སུ་འཕུར་ལྡིང་ལྷབ་ལྷུབ་བྱེད།  

དབེན་པ་ཁད་འཇགས་པའི་དུས་སུ། 

སུན་སྣང་ཡང་མོ་ཞིག་ཁ་བ་དང་མཉམ་དུ། 

ཆོན་ཐག་གི་རྒྱུད་ལས་དུམ་བུ་དང་དུམ་བུར་ཆད་ཅིང༌། 

ས་རུ་འཐོར། 

ཁྱིམ་བདག་གི་སྤྱི་སྡོམ་བསམ་གཞིགས་ལ། 

དོན་འགྲུབ་མཚོའི་དེ་རིང་གི་སྲམ་དེ། 

ཁོ་མོའི་ཨ་ཅེའི་བག་ཚར་གྱི་འདབས་སྲམ་ལས།  

སོར་མོ་དོ་ཙམ་ཆེ་བས།  

རི་བོའི་ངལ་དུབ་ཀྱི་སྣེ་ལས་སྔུར་བ་རིང་བོ་ཞིག 

གཅིག་སྣེར་གཅིག་མཐུད་དུ་བརྐྱང་འོང་།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།